ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་ཙུང་ཐུང་གིས་སི་རི་ཡཱའི་བར་གྱི་དཔལ་འབྱོར་ཉོ་ཚོང་འབྲེལ་བར་ཤུགས་སྣོན་བྱེད་འདོད་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-12-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་གི་ཙུང་ཐུང་ལའེ་ཞེ་ཡིས་ཚེས་དྲུག་ཉིན་བསྟན་དོན། དབྱི་ལིང་གིས་སི་རི་ཡཱའི་བར་གྱི་འབྲེལ་བར་ཤུགས་སྣོན་འདོད་ཡོད་པ་དང་། ཁྱད་པར་དུ་དཔལ་འབྱོར་ཉོ་ཚོང་འབྲེལ་བར་ཤུགས་སྣོན་འདོད་ཡོད་ཟེར། 

བསྒྲགས་པ་ལྟར་ན། ལའེ་ཞེ་ཡིས་ཉིན་དེར་འཚམས་འདྲིར་ཡོང་བའི་སི་རི་ཡཱའི་ཕྱི་འབྲེལ་བློན་ཆེན་མཱེ་ཁི་ཏཱ་ཏི་ཐུག་འཕྲད་བྱེད་སྐབས་བཤད་རྒྱུར། དབྱི་ལིང་དང་སི་རི་ཡཱ་ཡིས་དུས་ཡུན་རིང་བོར་ཕྱོགས་ཡོངས་ནས་འཆར་འགོད་བྱས་ཏེ། ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་དང་ཇེ་ཟབ་ཏུ་བཏང་ཡོད་ཟེར། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་འགྲོ་འོང་དེ་མིག་སྔར་ཚོད་དཔག་བྱས་པའི་ཆུ་ཚད་ལས་ལྷག་ཏུ་དམའ་བ་དང་། ཕྱོགས་གཉིས་ཀྱིས་དཔལ་འབྱོར་ཉོ་ཚོང་འབྲེལ་བའི་ཁ་གྲངས་དང་གཞི་རྒྱ་ལྡབ་འགྱུར་གྱིས་འཕར་སྣོན་གཏོང་བའི་ནུས་པ་ཡོད་ཟེར། 

ལའེ་ཞེ་ཡིས་བཤད་རྒྱུར། ཕྱི་རྒྱལ་གྱི་དམག་དཔུང་གིས་སི་རི་ཡཱ་སོགས་ས་ཁུལ་རང་གི་རྒྱལ་ཁབ་ཏུ་ཁྲིམས་འགལ་གྱིས་བཅའ་སྡོད་བྱས་པ་ལས་ས་ཁུལ་གྱི་བདེ་འཇགས་དང་གཏན་འཇགས་ལ་འཇིགས་ཉེན་བཟོ་བཞིན་ཡོད། དབྱི་སི་ལན་ཅེས་པའི་ཐལ་སྤྱོད་རྩ་འཛུགས་དང་ཨ་མེ་རི་ཁའི་འགུལ་སྐྱོད་ལས་ས་ཁུལ་གྱི་བདེ་འཇགས་དང་གཏན་འཇགས། ཞི་བདེ་བཅས་ལ་གཏོར་བརླག་ཚབས་ཆེན་བཟོས་ཡོད་ཟེར། ལའེ་ཞེ་ཡིས་ད་རུང་བསྟན་དོན། ངེས་པར་དུ་སི་རི་ཡཱའི་མངའ་ཁོངས་ཆ་ཚང་བར་བརྩི་འཇོག་བྱས་ཏེ། རྒྱལ་ཁབ་གང་རུང་གིས་རྒྱལ་ཁབ་གཞན་པའི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་སྣང་ཆུང་བྱེད་མི་རུང་ཟེར། 

གཞན་ཡང་བསྒྲགས་པ་ལྟར་ན། མཱེ་ཁི་ཏཱ་ཏི་ཡིས་ཉིན་དེའི་དགོང་མོར་དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཨ་པུའུ་ཏུའུ་ལཱ་ཞེ་དབྱང་དང་མཉམ་དུ་གསར་འགོད་པའི་སྣེ་ལེན་ཚོགས་འདུར་ཞུགས་སྐབས་བཤད་རྒྱུར། སི་རི་ཡཱ་དང་དབྱི་ལིང་གི་དཔལ་འབྱོར་ཉོ་ཚོང་འབྲེལ་བ་ནི་ཁོ་དང་ལའེ་ཞེའི་གྲོས་མོལ་གྱི་གླེང་གཞི་གཙོ་བོ་ཡིན་ལ། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་འབྲེལ་བ་གཏིང་ཟབ་ཏུ་སྤེལ་བར་རེ་བཞིན་ཡོད་ཟེར། ཁོས་བསྟན་དོན། དབུས་ཤར་ས་ཁུལ་གྱིས་འཚོལ་བསྙེག་བྱེད་པ་ནི་གོང་འཕེལ་དང་འཕེལ་རྒྱས། བདེ་འཇགས་བཅས་ཡིན་ཞིང་། ཕྱི་རྒྱལ་གྱིས་ཐེ་གཏོགས་བྱེད་པ་དང་མི་སེར་སྤེལ་བའི་བྱ་སྤྱོད་ལ་བཟོད་སྒོམ་གཏན་ནས་བྱེད་མི་སྲིད། དེ་ས་ཁུལ་རང་གི་རྒྱལ་ཁབ་ཚང་མའི་ཁེ་ཕན་དང་འཚམ་པ་ཞིག་ཡིན་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།