ཀྲུང་གོ་བོད་ཀྱི་དྲ་བ།

ཧཱ་སག་སི་ཐན་དང་ཝུའུ་ཙི་པེ་ཁི་སི་ཐན་གྱིས་མནའ་མཐུན་འབྲེལ་བའི་བསྒྲགས་གཏམ་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-12-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧཱ་སག་སི་ཐན་གྱི་ཙུང་ཐུང་ཐའོ་ཁཱ་ཡེ་ཧྥུའུ་དང་ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ཐུང་མུས་ཨར་ཅི་ཡའོ་ཡེ་ཧྥུའུ་གཉིས་ཀྱིས་ཚེས་དྲུག་ཉིན་ཧཱ་སག་སི་ཐན་གྱི་རྒྱལ་ས་ནོའུ་ཨར་སུའུ་ཏན་ནས་མནའ་མཐུན་འབྲེལ་བའི་བསྒྲགས་གཏམ་བཀོད། 

བསྒྲགས་པ་ལྟར་ན། ཐའོ་ཁཱ་ཡེ་ཧྥུའུ་ཡིས་ཉིན་དེར་འཚམས་འདྲིར་ཡོང་བའི་མུས་ཨར་ཅི་ཡའོ་ཡེ་ཧྥུའུ་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱི་འབྲེལ་བ་དང་ཁྱབ་ཁོངས་མང་བོའི་མཉམ་ལས། རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་སོགས་ཀྱི་ཐད་ནས་བསམ་འཆར་བརྗེ་རེས་བྱས། རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་གྲོས་མོལ་བྱས་རྗེས་མནའ་མཐུན་འབྲེལ་བའི་བསྒྲགས་གཏམ་བཀོད། རྒྱལ་ཁབ་གཉིས་ཀྱིས་ད་རུང་དངུལ་གཏོང་དང་ནུས་ཁུངས། འགྲིམ་འགྲུལ། ཁྲིམས་འཛིན་སོགས་ཁྱབ་ཁོངས་ཀྱི་སྲིད་གཞུང་བར་གྱི་མཉམ་ལས་གྲོས་ཆོད་མང་བོ་དང་བཟོད་སྒོམ་བརྗེད་ཐོ་བཀོད། 

ཐའོ་ཁཱ་ཡེ་ཧྥུའུ་ཡིས་གྲོས་མོལ་བྱས་རྗེས་སྤེལ་བའི་མཉམ་འབྲེལ་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཧཱ་སག་སི་ཐན་དང་ཝུའུ་ཙི་པེ་ཁི་སི་ཐན་རྒྱལ་ཁབ་གཉིས་ནི་ཁྱིམ་མཚེས་བཟང་བོ་དང་གྲོགས་པོ་བཟང་བོ་ཡིན་ལ། འབྱུང་ཁུངས་གཅིག་ཡིན་པ་དང་ལས་དབང་གཅིག་མཐུན་གྱི་སྤུན་ཟླའི་རྒྱལ་ཁབ་ཡིན། རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བདེ་བླག་ངང་འཕེལ་རྒྱས་སུ་སོང་སྟེ། དཔལ་འབྱོར་ཉོ་ཚོང་དང་དངུལ་གཏོང་། མི་གཞུང་བཅས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱུན་ཆད་མེད་པར་རྒྱ་བསྐྱེད་ཡོད། ཕྱོགས་གཉིས་ཀྱིས་མནའ་མཐུན་འབྲེལ་བའི་བསྒྲགས་གཏམ་བཀོད་པ་ལས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་བ་ཞིག་གི་མགོ་བརྩམས་པ་དང་། དེ་ཨེ་ཤ་ཡཱ་དབུས་མ་ས་ཁུལ་གྱི་གཏན་འཇགས་དང་དར་རྒྱས་ལ་ཕན་ཐོགས་ཡོད་ཟེར། 

མུས་ཨར་ཅི་ཡའོ་ཡེ་ཧྥུའུ་ཡིས་བཤད་རྒྱུར། མནའ་མཐུན་འབྲེལ་བའི་བསྒྲགས་གཏམ་དེས་ཝུའུ་ཙི་པེ་ཁི་སི་ཐན་དང་ཧཱ་སག་སི་ཐན་གྱི་མཉམ་ལས་རིམ་པ་དེ་མནའ་མཐུན་འབྲེལ་བའི་ཆུ་ཚད་དུ་འཕར་སྣོན་གཏོང་ཐུབ་པ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་དུས་ཡུན་རིང་བོའི་ཁེ་ཕན་དང་ཡོངས་སུ་འཚམ་པར་མ་ཟད། རྒྱལ་ཁབ་གཉིས་བར་གྱི་ཡིད་ཆེས་དང་གྲོགས་པོའི་འབྲེལ་བ་མངོན་པར་མཚོན་ཡོད་ལ། ས་ཁུལ་གྱི་དར་རྒྱས་གཏན་འཇགས་དང་རྒྱུན་མཐུད་འཕེལ་རྒྱས་ལ་འགན་སྲུང་བྱེད་པའི་ཐད་དོན་སྙིང་གལ་ཆེན་ལྡན་ཟེར། ཝུའུ་ཙེ་པེ་ཁི་སི་ཐན་དང་ཧཱ་སག་སི་ཐན་གྱི་དཔལ་འབྱོར་ཉོ་ཚོང་འབྲེལ་བར་ཁ་གསབ་རང་བཞིན་ལྡན་པ་དང་། བཟོ་ལས་དང་ནུས་ཁུངས། གློག་རྡུལ་ལག་རྩལ་སོགས་ཁྱབ་ཁོངས་སུ་མཉམ་ལས་གང་ལེགས་བྱེད་བཞིན་ཡོད། ཝུའུ་ཙི་པེ་ཁི་སི་ཐན་གྱིས་རྒཡལ་ཁབ་གཉིས་སྲོལ་རྒྱུན་མཛའ་བཤེས་དང་ཁྱིམ་མཚེས་མཛའ་མཐུན་མཉམ་ལས་ཐད་འབད་འབུངས་ལྷོད་མེད་བྱེད་འདོད་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།