ཀྲུང་གོ་བོད་ཀྱི་དྲ་བ།

རྒྱ་གར་དང་ཨུ་རུ་སིའི་མགོ་ཁྲིད་པས་དྷི་ལེ་གསར་བ་ནས་གྲོས་མོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-12-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱ་གར་གྱི་ཙུང་ལི་མའོ་ཏིས་དང་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་དྲུག་ཉིན་གྱི་དགོང་མོར་རྒྱ་གར་གྱི་རྒྱལ་ས་དྷི་ལེ་གསར་བ་ནས་གྲོས་མོལ་བྱས། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་དཔལ་འབྱོར་ཉོ་ཚོང་དང་ནུས་ཁུངས། འགོག་སྲུང་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་པར་ཡིད་འཐད་བྱུང་། 

ཕུའུ་ཅིན་གྱིས་ཚེས་དྲུག་ཉིན་ནས་བཟུང་རྒྱ་གར་དུ་འཚམས་འདྲི་བྱེད་མགོ་བརྩམས་པ་དང་། རྒྱ་གར་དང་ཨུ་རུ་སིའི་མགོ་ཁྲིད་པའི་ལོ་ཧྲིལ་བོའི་གྲོས་མོལ་ཐེངས་ཉེར་གཅིག་པར་ཞུགས་རྒྱུ་རེད། དེ་ནི་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ཚུན་ལ་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ཐོག་དང་པོར་ཡུལ་དངོས་ནས་གྲོས་མོལ་བྱས་པ་རེད། 

གྲོས་མོལ་བྱས་རྗེས་སྤེལ་བའི་མཉམ་འབྲེལ་གསལ་སྒྲོག་ལྟར་ན། རྒྱ་གར་དང་ཨུ་རུ་སིའི་མགོ་ཁྲིད་པས་ནན་གྱིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱིས་ཧུར་ཐག་སྒོས་ཉིས་སྟོང་ཉེར་ལྔ་ལོའི་བར་ཕྱོགས་གཉིས་ཀྱི་ཉོ་ཚོང་འབོར་གྲངས་མེ་སྒོར་ཐེར་ཆེན་གསུམ་གྱི་དམིགས་འབེན་མངོན་འགྱུར་བྱས་ཏེ། མུ་མཐུད་དུ་ཕྱོགས་གཉིས་ཀྱི་དངུལ་ལོར་རྩིས་ལེན་ལ་སྐུལ་འདེད་གཏོང་དགོས་པ་དང་། ནུས་ཁུངས་མཉམ་ལས་ནི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་སྲོག་ཤིང་ཡིན་པ་བསྐྱར་སྒྲོག་བྱས་ནས་མུ་མཐུད་དུ་རྡོ་སྣུམ་དང་རང་བྱུང་སོལ་རླངས་ཁྱབ་ཁོངས་ཀྱི་རྒྱ་ཆེའི་མཉམ་ལས་ལ་སྐུལ་འདེད་གཏོང་དགོས། གསེར་གྱོམ་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་ནང་མཉམ་ལས་དང་མཐུན་སྦྱོར་ལ་ཤུགས་སྣོན་བྱེད་དགོས་པ་བསྐྱར་སྒྲོག་བྱས་པ་དང་། ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་རྒྱལ་སྤྱིའི་ལས་དོན་ཁྲོད་དུ་ནུས་པ་སྔར་ལས་ཆེན་པོ་འདོན་པར་རྒྱབ་སྐྱོར་བྱེད་དགོས་ཟེར། 

རྒྱ་གར་གྱི་ཕྱི་འབྲེལ་དྲུང་ཡིག་ཆེན་མོ་ཧྲི་ལིན་ལཱ་ཡིས་ཉིན་དེའི་དགོང་མོར་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། ཕྱོགས་གཉིས་ཀྱི་ཉོ་ཚོང་དང་དངུལ་གཏོང་ལ་ཤུགས་སྣོན་པ་ནི་རྒྱ་གར་དང་ཨུ་རུ་སིའི་མགོ་ཁྲིད་པའི་གྲོས་མོལ་གྱི་གྲོས་གཞི་གལ་ཆེན་ཞིག་ཡིན་པ་དང་། ཁྱད་པར་དུ་ད་ལོར་ཕྱོགས་གཉིས་ཀྱི་ཉོ་ཚོང་འབོར་གྲངས་ལ་འཕར་སྣོན་བྱུང་བའི་གནས་ཚུལ་འོག རྒྱལ་ཁབ་གཉིས་ཀྱི་མ་འོངས་པར་ཉོ་ཚོང་དང་དངུལ་གཏོང་མཉམ་ལས་རྒྱ་བསྐྱེད་པའི་ཐད་མཉམ་ལས་བྱེད་པར་རེ་སྒུག་བྱེད་དགོས་ཟེར། གྲོས་མོལ་མཇུག་སྒྲིལ་རྗེས། རྒྱལ་ཁབ་གཉིས་ཀྱིས་ཚན་རྩལ་དང་མཐོ་རིམ་སློབ་གསོ། ཤེས་བྱའི་ཐོན་དབང་། དམག་དོན་ལག་རྩལ་གྱི་མཉམ་ལས། རིག་གནས་བརྗེ་རེས། ཞི་བའི་སྒོ་ནས་ཕྱི་རིམ་བར་སྟོང་བེད་སྤྱོད་བྱེད་པ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གྲོས་མཐུན་ཉེར་བརྒྱད་བཀོད་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།