ཀྲུང་གོ་བོད་ཀྱི་དྲ་བ།

སུའེ་ཏེན་གྱི་དབུ་བཞུགས་བློན་ཆེན་གྱིས་སྲིད་གཞུང་གསར་པ་རྩ་འཛུགས་བྱེད་རྒྱུ་ཁྱབ་བསྒྲགས་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-12-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སུའེ་ཏེན་གྱི་དབུ་བཞུགས་བློན་ཆེན། སྤྱི་དམངས་དམངས་གཙོ་ཏང་གི་ཀྲུའུ་ཞི་ཨན་ཏི་སུང་གིས་ཟླ་བཅུ་གཅིག་པའི་ཚེས་སུམ་ཅུ་ཉིན་སྐབས་གསར་པའི་སྲིད་གཞུང་རྩ་འཛུགས་བྱེད་རྒྱུ་ཁྱབ་བསྒྲགས་བྱས་པར་མ་ཟད། སྲིད་གཞུང་གི་ཁོངས་མིའི་མིང་ཐོ་ཁྱབ་སྒྲོག་བྱས། 

སུའེ་ཏེན་གྱི་སྲིད་གཞུང་གསར་པ་ནི་སྤྱི་ཚོགས་དམངས་གཙོ་ཏང་གཅིག་པུས་རྩ་འཛུགས་བྱས་པའི་གྲངས་ཉུང་ཕྱོགས་ཁག་གི་སྲིད་གཞུང་ཞིག་ཡིན་པ་རེད། སྔོན་ཆད་ཀྱི་ནང་སྲིད་བློན་ཆེན་ཏན་པེ་ལི་ཡིས་ཨན་ཏི་སུང་གི་ཚབ་ཏུ་ནོར་སྲིད་བློན་ཆེན་གྱི་འགན་ཁུར་རྒྱུ་ཡིན་པ་དང་། ཕྱི་འབྲེལ་བློན་ཆེན་ཨན་ལིན་ཏི་ཡི་ལས་འགན་སོར་འཇོག་བྱེད་རྒྱུ་རེད། 

ཨན་ཏི་སུང་གིས་ཉིས་སྟོང་བཅུ་བཞི་ལོ་ནས་བཟུང་སུའེ་ཏེན་གྱི་ནོར་སྲིད་བློན་ཆེན་གྱི་འགན་ཁུར་བ་དང་། ད་ལོའི་ཟླ་བཅུ་གཅིག་པའི་ཟླ་མོར་སུའེ་ཏེན་སྤྱི་ཚོགས་དམངས་གཙོ་ཏང་གི་ཀྲུའུ་ཞི་གསར་བར་གྱུར་བ་ཡིན་ལ། ཚེས་ཉེར་བཞིའི་ཉིན་སུའེ་ཏེན་གྱི་བུད་མེད་དབུ་བཞུགས་བློན་ཆེན་ཐོག་མར་གྱུར། དབུ་བཞུགས་བློན་ཆེན་དུ་བདམས་ནས་དུས་ཚོད་འགའི་རྗེས་སུ། ཨན་ཏི་སུང་གིས་ལས་ཁུར་དགོངས་ཞུ་བྱེད་རྒྱུ་ཁྱབ་སྒྲོག་བྱས་པ་དང་། དེའི་རྒྱུ་རྐྱེན་ནི་ཁྲིམས་མཐུན་རང་བཞིན་ལ་དོགས་པ་ཟ་བའི་སྲིད་གཞུང་ཞིག་ལ་མགོ་ཁྲིད་བྱེད་འདོད་མེད་པས་རེད། ཚེས་ཉེར་བཞི་ཉིན་གྱི་སྔ་དྲོར། སྲིད་འཛིན་མནའ་འབྲེལ་ཁྲོད་ཀྱི་ཁོར་ཡུག་ཏང་གྲངས་ཕྱོགས་ཁག་གི་མཉམ་འབྲེལ་སྲིད་གཞུང་ལས་ཕྱིར་བུད་པ་རེད། 

སུའེ་ཏེན་གྲོས་ཁང་གིས་ཚེས་ཉེར་དགུ་ཉིན་དབུ་བཞུགས་བློན་ཆེན་གསར་བའི་འདེམ་སྒུག་པ་ཨན་ཏི་སུང་ལ་འདེམ་ཤོག་འཕངས་ཏེ། ཨན་ཏི་སུང་ཡང་བསྐྱར་བདམས་ཐོན་བྱུང་། ཉིན་དེར་ཨན་ཏི་སུང་གིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། སྲིད་གཞུང་གསར་བས་ཕན་བདེ་དང་ནམ་ཟླའི་འགྱུར་ལྡོག སྤྱི་ཚོགས་མཉམ་འདྲེས་བཅས་གྲོས་གཞི་ཆེན་པོ་གསུམ་གཙོར་འཛིན་རྒྱུ་ཡིན་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།