ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་འབྲེལ་ཡོད་ཕྱོགས་ཀྱི་གྲོས་མོལ་ཝེ་ཡེ་ནཱ་ནས་སླར་གསོ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-11-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཟླ11པའི་ཚེས29ཉིན། གསར་འགོད་པས་ཨོ་སི་ཁྲུ་རི་ཡཱའི་ཝེ་ཡེ་ནཱའི་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཆབ་སྲིད་སྤྱི་ཁྱབ་ཟི་ཀྲང་རིམ་པའི་ཚོགས་རའི་ཕྱི་རོལ་དུ་བརྙན་ཕབ་བྱེད་བཞིན་པ། 

2.jpg

ཟླ11པའི་ཚེས29ཉིན། ཨོ་སི་ཁྲུ་རི་ཡཱའི་ཝེ་ཡེ་ནཱ་ནས། དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་གཞོན་པ་པཱ་ཀའེ་ལི་ཡིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཆབ་སྲིད་སྤྱི་ཁྱབ་ཟི་ཀྲང་རིམ་པའི་གྲོས་ཚོགས་ལ་ཞུགས་པར་གྲ་སྒྲིག་བྱེད་བཞིན་པ། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཆབ་སྲིད་སྤྱི་ཁྱབ་ཟི་ཀྲང་རིམ་པའི་གྲོས་ཚོགས་ཚེས་ཉེར་དགུ་ཉིན་ཨོ་སི་ཁྲུ་རི་ཡཱའི་རྒྱལ་ས་ཝེ་ཡེ་ནཱ་ནས་སྤེལ་བ་དང་། སྐོར་ཐེངས་རྗེས་མའི་ཨ་མེ་རི་ཁ་དང་དབྱི་ལིང་གིས་ཆིངས་ཡིག་སླར་གསོ་བྱེད་པའི་གྲོས་མོལ་འཕེལ་རིམ་མགོ་བརྩམས། 

ཉིན་དེའི་ཕྱི་དྲོར། གྲོས་ཚོགས་ཝེ་ཡེ་ནཱའི་ཁི་པའོ་མགྲོན་ཁང་ནས་སྤེལ། ཡོ་རོབ་གླིང་མནའ་འབྲེལ་ཕྱི་ཕྱོགས་འགུལ་སྐྱོད་ལས་དོན་ཁང་གི་དྲུང་ཡིག་ཆེན་མོ་གཞོན་པ་མའོ་ལཱ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས། དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་གཞོན་པ་པཱ་ཀའེ་ལི་དང་། ཨུ་རུ་སི། དབྱིན་ཇི། ཧྥ་རན་སི། འཇར་མན་བཅས་ཀྱི་འབྲེལ་ཡོད་དཔོན་རིགས་གྲོས་ཚོགས་ལ་ཞུགས། ཀྲུང་གོའི་གྲོས་མོལ་འཐུས་མི། ཝེ་ཡེ་ནཱ་རུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་མི་ཝང་ཆོན་གྲོས་ཚོགས་ལ་ཞུགས། 

ཝང་ཆོན་གྱིས་བསྟན་དོན། ཐེངས་འདིའི་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ནི་ཨ་མེ་རི་ཁ་དང་དབྱི་ལིང་གིས་ཆིངས་ཡིག་སླར་གསོ་བྱེད་པའི་གྲོས་མོལ་ད་ལོའི་ཟླ་དྲུག་པར་མཚམས་བཞག་རྗེས་ཡང་བསྐྱར་སྤེལ་བའི་གྲོས་ཚོགས་ཐོག་མ་ཡིན་པས་དོན་སྙིང་གལ་ཆེན་ལྡན་པ་དང་། དེ་ལས་གྲོས་མོལ་ནི་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་པའི་ཐབས་ལམ་ཉག་ཅིག་ཡིན་པ་གསལ་བཤད་གང་ལེགས་བྱས་ཡོད་ཟེར། 

མའོ་ལཱ་ཡིས་གྲོས་ཚོགས་ཀྱི་རྗེས་སུ་གསར་འགྱུར་ལས་རིགས་ལ་བསྟན་དོན། ཉིན་དེར་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྟེང་མཐོང་བའི་གནས་ཚུལ་ཧ་ཅང་བཟང་བ་དང་། དབྱི་ལིང་གི་འཐུས་ཚབ་ཚོགས་པས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་གསོན་ཤུགས་སླར་གསོ་བྱེད་པར་རེ་བ་བྱེད་པའི་རྣམ་འགྱུར་བསྟན་ཡོད། དབྱི་ལིང་ཕྱོགས་ཀྱིས་འདས་པའི་སྐོར་ཐེངས་དྲུག་གི་གྲོས་མོལ་གྱི་གྲུབ་འབྲས་དང་ལེན་བྱས་ཡོད་པ་དང་། དེའི་རྨང་གཞིའི་སྟེང་མུ་མཐུད་དུ་གྲོས་མོལ་སྤེལ་རྒྱུ་རེད་ཟེར། 

ཨུ་རུ་སིའི་གྲོས་མོལ་འཐུས་མི། ཝེ་ཡེ་ནཱ་རུ་རྒྱུན་དུ་སྡོད་པའི་ཨུ་རུ་སིའི་འཐུས་མི་ཝུའུ་ལི་དབྱང་ནོའུ་ཧྥུའུ་ཡིས་དྲ་ཚིགས་བརྒྱུད་དེ་གསར་འགྱུར་ལས་རིགས་ལ་བསྟན་དོན། སྐོར་ཐེངས་གསར་བའི་གྲོས་མོལ་མགོ་བརྩམས་པ་ཧ་ཅང་བཟང་ཟེར། 

ཨ་མེ་རི་ཁའི་ཙུང་ཐུང་གི་དབྱི་ལིང་ལས་དོན་གྱི་ཆེད་མངག་ཕོ་ཉ་མཱ་ལེ་ཡིས་ཀྱང་འཐུས་ཚབ་ཚོགས་པ་ཁྲིད་དེ་ཝེ་ཡེ་ནཱ་རུ་འབྱོར། ཨ་མེ་རི་ཁ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལས་ཕྱིར་བུད་པ་དང་། དབྱི་ལིང་གིས་ཐད་ཀར་འབྲེལ་འདྲིས་བྱེད་པའི་ཐབས་ཀྱིས་ཨ་མེ་རི་ཁའི་བར་གྲོས་མོལ་བྱེད་པར་ཁས་ལེན་མ་བྱས་པས། ཨ་མེ་རི་ཁའི་འཐུས་མི་གྲོས་ཚོགས་ལ་ཞུགས་མི་རུང་བ་དང་། ཨ་མེ་རི་ཁ་ཕྱོགས་བརྒྱུད་པའི་སྒོ་ནས་གྲོས་མོལ་ཞུགས་རྒྱུ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།