ནེ་ཀྲི་རི་ཡཱའི་བཙོན་ཁང་ཞིག་ལ་འཇབ་རྒོལ་ཐེབས་ཏེ་མི་བཅུ་རྐྱེན་ལམ་དུ་ཤོར།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ནེ་ཀྲི་རི་ཡཱའི་བཙོན་ཁང་སྡེ་ཁག་གིས་ཚེས་ཉེར་དགུ་ཉིན་བདེན་དཔང་བྱས་དོན། ནེ་ཀྲི་རི་ཡཱའི་དབུས་ཕྱོགས་ཀྱི་མཐོ་སྒང་མངའ་སྡེའི་བཙོན་ཁང་ཞིག་ལ་ཚེས་ཉེར་བརྒྱད་ཉིན་ཐོབ་ཐང་གསལ་བོར་མི་ཤེས་པའི་དྲག་ཆས་ཉེས་ཅན་གྱི་འཇབ་རྒོལ་ཐེབས་ཏེ། མི་བཅུ་རྐྱེན་ལམ་དུ་ཤོར་བ་དང་བཙོན་མ་ཉིས་བརྒྱ་དང་ང་གཉིས་བྲོས་བྱོལ་བྱས་ཟེར། 

ནེ་ཀྲི་རི་ཡཱའི་བཙོན་ཁང་སྡེ་ཁག་གི་མགྲིན་ཚབ་པ་ཨེ་ནོའུ་པའོ་ལོས་ཀྱིས་ཉིན་དེར་གསལ་སྒྲོག་ཅིག་ལས་བཤད་རྒྱུར། དྲག་ཆས་ཉེས་ཅན་སྐོར་ཞིག་གིས་ཚེས་ཉེར་བརྒྱད་ཉིན་གྱི་དགོང་མོར་གློ་བུར་དུ་མཐོ་སྒང་མངའ་སྡེའི་ལྟེ་གནས་གྲོང་ཁྱེར་ཆའོ་སི་ཡི་བཙོན་ཁང་ཞིག་ལ་འཇབ་རྒོལ་བྱས། དྲག་ཆས་ཉེས་ཅན་དང་བཙོན་སྲུང་མི་སྣའི་བར་འཁྲུག་རྩོད་བྱུང་སྟེ། བཙོན་སྲུང་མི་སྣ་གཅིག་དང་བཙོན་མ་དགུ་རྐྱེན་ལམ་དུ་ཤོར་བ་དང་། བཙོན་སྲུང་མི་སྣ་གཅིག་དང་བཙོན་མ་དྲུག་ལ་རྨས་ཕོག་ཡོད། དེ་ལས་གཞན་དྲག་ཆས་ཉེས་ཅན་གཅིག་འཁྲུག་རྩོད་ཁྲོད་བསད་ཟེར། 

ཨེ་ནོའུ་པའོ་ལོས་ཀྱིས་བཤད་རྒྱུར། དྲག་ཆས་ཉེས་ཅན་དག་བཙོན་ཁང་དུ་ཡོང་རྗེས་བཙོན་མ་ཉིས་བརྒྱ་དང་རེ་གཉིས་བཏང་བ་དང་། བདེ་འཇགས་སྡེ་ཁག་གི་དཔུང་རོགས་མ་བསླེབ་གོང་བྲོས་བྱོལ་བྱས། བཙོན་ཁང་སྡེ་ཁག་གིས་དེའི་རྗེས་སུ་འཛིན་བཟུང་འགུལ་སྐྱོད་སྤེལ་བས། མིག་སྔར་བྲོས་བྱོལ་བྱས་པའི་བཙོན་མ་བཅུ་འཛིན་བཟུང་བྱས་པ་དང་། གཞན་ཡང་བཙོན་མ་ཉིས་བརྒྱ་དང་ང་གཉིས་བྲོས་བྱོལ་བྱེད་བཞིན་ཡོད། བདེ་འཇགས་སྡེ་ཁག་གིས་འཇབ་རྒོལ་བྱེད་མཁན་གྱི་དྲག་ཆས་ཉེས་ཅན་ལའང་རྩད་གཅོད་བྱེད་བཞིན་ཡོད་པས། ཁོས་མང་ཚོགས་ཀྱིས་རོགས་འདེགས་བྱས་ཏེ་དུས་ལྟར་དྲག་ཆས་ཉེས་ཅན་དང་བྲོས་བྱོལ་བྱེད་པའི་བཙོན་མའི་གནས་ཚུལ་སྙན་ཞུ་བྱེད་དགོས་པའི་འབོད་སྐུལ་བཏང་། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།