ཀྲུང་གོ་བོད་ཀྱི་དྲ་བ།

ཕེ་རུ་བྱང་རྒྱུད་དུ་ཚད་རིམ7.5ཡི་ས་འགུལ་བྱུང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-11-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕེ་རུ་བྱང་རྒྱུད་དང་ཨེ་ཁྭ་ཏོར་འབྲེལ་མཚམས་ས་ཁུལ་དུ་ཚེས28ཉིན་ཚད་རིམ7.5ཅན་གྱི་ས་འགུལ་བྱུང་བ་དང་། མིག་སྔར་མི་སྣར་ཤི་རྨས་དང་རྒྱུ་ནོར་ཀྱི་གྱོང་གུད་ཚབས་ཆེན་ཕོག་པའི་གནས་ཚུལ་འབྱོར་མེད།

ཕེ་རུ་སའི་གོ་ལའི་དངོས་ལུགས་ཞིབ་འཇུག་སའོ་ཡི་ཆ་འཕྲིན་ལྟར་ན། ས་འགུལ་དེ་ས་གནས་དེའི་དུས་ཚོད་ཚེས28ཉིན་གྱི་ཆུ་ཚོད5དང་སྐར་མ52(པེ་ཅིང་གི་དུས་ཚོད་ཚེས28ཉིན་གྱི་ཆུ་ཚོད18དང་སྐར་མ52)སྟེང་བྱུང་བ་དང་། འགུལ་ལྟེ་ནི་ཕེ་རུ་བྱང་རྒྱུད་ཀྱི་ཡ་མ་ཞུན་མངའ་སྡེ་ཧྲིན་མ་ལི་ཡ་ཏི་ཉེ་ཝ་རྫོང་གི་ཤར་རྒྱུད་ཀྱི་སྤྱི་ལེ98མཚམས་སུ་ཡོད་པ་དང་། འགུལ་འབྱུང་གི་ཟབ་ཚད་ལ་སྤྱི་ལེ131ཡོད།

སྒྲོག་པའི་གནས་ཚུལ་ལྟར་ན། ས་འགུལ་གྱིས་ས་གནས་དེའི་ཁང་བ་སྐོར་ཞིག་བརྡིབས་པ་དང་གློག་ཤུགས་བཅད་ཡོད། ཡ་མ་ཞུན་མངའ་སྡེའི་མཐའ་འཁོར་ས་ཁུལ་མང་ཤོས་སུ་འགུལ་ཚོར་དྲག་པོ་ལྡན་པ་དང་། ཕེ་རུའི་རྒྱལ་ས་ལི་མ་དང་དེའི་ཉེ་འབྲེལ་རྒྱལ་ཁབ་ཨེ་ཁྭ་ཏོར་དང་ཁོ་ལོམ་པི་ཡ་སུ་འགུལ་ཚོར་ཡོད། ཕེ་རུའི་རྒྱལ་ཡོངས་འཕྲལ་བསྟུན་ལས་དོན་ལྟེ་གནས་ཀྱིས་བཤད་རྒྱུར། མིག་སྔའི་བར་མི་སྣར་ཤི་རྨས་དང་རྒྱུ་ནོར་ཀྱི་གྱོང་གུད་ཚབས་ཆེན་ཕོག་པའི་གནས་ཚུལ་འབྱོར་མེད། 

འདི་ནི་ཉིན་དེར་ཕེ་རུ་རུ་བྱུང་བའི་ས་འགུལ་ཐེངས་གཉིས་པ་ཡིན། ས་གནས་དེའི་དུས་ཚོད་ཚེས28ཉིན་གྱི་ཆུ་ཚོད1དང་སྐར་མ32(པེ་ཅིང་གི་དུས་ཚོད་ཚེས28ཉིན་གྱི་ཆུ་ཚོད14དང་སྐར་མ32)སྟེང་། ཕེ་རུ་ནུབ་རྒྱུད་ཀྱི་མཚོ་འགྲམ་ས་ཁུལ་དུ་ཚད་རིམ5.2ཅན་གྱི་ས་འགུལ་བྱུང་བ་དང་། འགུལ་ལྟེ་ནི་དབུས་ནུབ་རྒྱུད་ཀྱི་མཚོ་ཁུག་གྲོང་ཁྱེར་ཁ་ཡ་ཨོའུ་ནུབ་ཕྱོགས་ཀྱི་སྤྱི་ལེ44མཚམས་སུ་ཡོད་པ་དང་། འགུལ་འབྱུང་གི་ཟབ་ཚད་ལ་སྤྱི་ལེ65ཡོད།

ཕེ་རུ་ནི་ཞི་བདེ་རྒྱ་མཚོ་ཆེན་མོའི་མཐའ་འཁོར་གྱི་ས་འགུལ་ས་རྒྱུད་སྟེང་ཆགས་ཡོད་ལ། ས་འགུལ་བྱུང་ཐེངས་མང་བའི་རྒྱལ་ཁབ་ཤིག་ཡིན། 2007ལོའི་ཟླ8པའི་ཚེས15ཉིན། ཕེ་རུའི་དབྱི་ཁ་མངའ་སྡེ་རུ་ཚད་རིམ7.5ཅན་གྱི་ས་འགུལ་བྱུང་ནས་མི600ལྷག་ཤི་བ་དང་མི1200ལྷག་ལ་རྨས་སྐྱོན་ཐེབས། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།