ཀྲུང་གོ་བོད་ཀྱི་དྲ་བ།

རོ་མཱ་ནི་ཡཱའི་སྐབས་གསར་བའི་སྲིད་གཞུང་གིས་དམ་བཅའ་བཞག་སྟེ་ལས་འགན་ཁུར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-11-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རོ་མཱ་ནི་ཡཱའི་ཙུང་ལི་ཁྱིག་ཁི་ཡིས་མགོ་ཁྲིད་པའི་སྐབས་གསར་བའི་སྲིད་གཞུང་ལ་ཚེས་ཉེར་ལྔ་ཉིན་གྲོས་ཁང་གི་ཡིད་ཆེས་འདེམ་ཤོག་ཐོབ་ནས་གྲོས་འཆམ་བྱུང་བ་དང་། དེའི་རྗེས་སུ་ཙུང་ཐུང་བཞུགས་ཤག་ནས་དམ་བཅའ་བཞག་སྟེ་ལས་འགན་ཁུར། 

རོ་མཱ་ནི་ཡཱའི་གྲོས་ཁང་གིས་ཉིན་དེར་འདེམ་ཤོག་སུམ་བརྒྱ་དང་བཅོ་བརྒྱད་ཡིད་འཐད་བྱུང་བ་དང་། འདེམ་ཤོག་བརྒྱ་དང་ཉེར་དྲུག་གིས་ངོ་རྒོལ་བྱེད་པའི་བརྡས་གཅོད་མཇུག་འབྲས་ཀྱིས་སྐབས་གསར་བའི་སྲིད་གཞུང་གི་ཡིད་ཆེས་འདེམ་ཤོག་ཐོབ་སྟེ་གྲོས་འཆམ་བྱུང་། ཁྱིག་ཁི་ཡིས་གྲོས་ཁང་གི་འདེམ་ཤོག་འཕེན་པའི་བྱ་འགུལ་མཇུག་སྒྲིལ་རྗེས་བསྟན་དོན། སྲིད་གཞུང་གསར་བས་སྤྱི་དམངས་ཀྱི་ཁེ་ཕན་དེ་བྱ་བའི་སྙིང་བོར་བཟུང་ཞིང་། ཤུགས་ཆེན་པོས་པྲོག་གསར་གློ་ཚད་རིམས་ནད་ལས་བྱུང་བའི་དཀའ་ཁག་ཁྱད་དུ་བསལ་ནས། རྒྱལ་ཁབ་ཀྱི་དེང་རབས་ཅན་འཛུགས་སྐྲུན་ཐད་འབད་འབུངས་བྱེད་པའི་ཁ་ཕྱོགས་གཏན་འཁེལ་བྱེད་རྒྱུ་ཡིན་ཟེར། 

རོ་མཱ་ནི་ཡཱའི་སྐབས་གསར་བའི་སྲིད་གཞུང་ནི་རྒྱལ་ཁབ་རང་དབང་ཏང་དང་སྤྱི་ཚོགས་དམངས་གཙོ་ཏང་། ཧང་ག་རི་མི་རིགས་མནའ་འབྲེལ་བཅས་ཀྱིས་གྲུབ་པའི་ཏང་གསུམ་མཉམ་འབྲེལ་སྲིད་གཞུང་ཡིན་ཞིང་། རྒྱལ་ཁབ་རང་དབང་ཏང་ནས་ཡོང་བའི་ཁྱིག་ཁི་ཡིས་ཙུང་ལིའི་འགན་ཁུར་བ་དང་། སྤྱི་ཚོགས་དམངས་གཙོ་ཏང་གི་ཀྲུའུ་ཞི་གཞོན་པ་དང་པོ་ཀི་ལིན་ཏའེ་ཡཱ་ནོའུ་དང་ཧང་ག་རི་མི་རིགས་མནའ་འབྲེལ་གྱི་ཀྲུའུ་ཞི་ཧུའུ་ནོའུ་ཨར་གཉིས་ཀྱིས་ཙུང་ལི་གཞོན་པའི་འགན་ཁུར་ཡོད། 

ད་ལོར་ལོ་ང་བཞི་ཡིན་པའི་ཁྱིག་ཁི་ཡིས་སྔོན་ཆད་རོ་མཱ་ནི་ཡཱའི་དམག་དཔུང་གི་སྤྱི་ཁྱབ་ཇུས་འདོན་པའི་འགན་ཁུར་མྱོང་བ་དང་། ཉིས་སྟོང་བཅུ་དགུ་ལོའི་ཟླ་བཅུ་གཅིག་པར་རྒྱལ་སྲུང་པུའུ་ཀྲང་གི་འགན་ཁུར་ནས་ཞི་དཔོན་དུ་བསྒྱུར། ཉིས་སྟོང་ཉི་ཤུ་ལོའི་ཟླ་བཅུ་གཉིས་པར་རྒྱལ་ཁབ་རང་དབང་ཏང་གི་གྲོས་མིར་བདམས་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།