2021ལོའི་ཀྲུང་གོ་དང་ཨུ་རུ་སུའི་དྲ་རྒྱའི་སྨྱན་བྱད་གླེང་སྟེགས་བསྡུས་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ11པའི་ཚེས22ཉིན། 2021ལོའི་ཀྲུང་གོ་དང་ཨུ་རུ་སུའི་དྲ་རྒྱའི་སྨྱན་བྱད་གླེང་སྟེགས་པེ་ཅིང་དང་མོ་སི་ཁོ་གཉིས་ནས་བརྙན་ལམ་བརྒྱུད་དེ་འཚོགས། ཀྲུང་གོ་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་ཀྱི་དྲ་རྒྱའི་དོ་དམ་སྡེ་ཁག་དང་དྲ་རྒྱའི་སྨྱན་བྱད་ལས་ཁུངས། ཆེད་ལས་མཁས་པ་དང་མཁས་དབང་། དྲ་སྦྲེལ་ཁེ་ལས་ཀྱི་འཐུས་མི་བཅས་ཀྱིས“ཕན་ཚུན་བསམ་བློ་བརྗེ་རེས་དང་དཔྱད་གཞིར་འཛིན་པར་སྐུལ་འདེད་དང་། དངོས་དོན་མཉམ་ལས་གཏིང་ཟབ་དུ་སྤེལ་དགོས”ཞེས་པ་བརྗོད་དོན་བྱས་ཏེ་བགྲོ་གླེང་བྱས། གླེང་སྟེགས་སྟེང་། ཀྲུང་གོའི་དྲ་སྦྲེལ་འཕེལ་རྒྱས་ཐེབས་རྩ་ཚོགས་པའི་གྲོས་འགོ་འོག་རྒྱལ་ཁབ་གཉིས་ཀྱི་དྲ་རྒྱའི་སྨྱན་བྱད་ཀྱིས་ད་དུང《2021ལོའི་ཀྲུང་གོ་དང་ཨུ་རུ་སུ་སྨྱན་བྱད་ཀྱི་ཐུན་མོང་ངོས་འཛིན》ལ་ཐུན་མོང་གིས་གྲོས་འཆམ་བྱུང་། 

ཀྲུང་གོ་རྒྱལ་ཁབ་དྲ་སྦྲེལ་ཆ་འཕྲིན་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ཉུག་དབྱི་པིན་གྱིས་ཤིས་ཚིག་ནང་བཤད་རྒྱུར། ཀྲུང་གོ་དང་ཨུ་རུ་སུའི་དྲ་རྒྱའི་སྨྱན་བྱད་གླེང་སྟེགས་བསྒྲུབས་པའི་ལོ་ལྔ་རིང་། གླེང་སྟེགས་དེ་རྒྱལ་ཁབ་གཉིས་ཀྱི་དྲ་རྒྱའི་སྨྱན་བྱད་དང་དྲ་སྦྲེལ་ཁེ་ལས་ཕན་ཚུན་བར་བསམ་བློ་བརྗེ་རེས་དང་མཉམ་ལས་ཐད་དབང་ཟིལ་ལྡན་པའི་སྒྲིག་གཞི་རང་བཞིན་གྱི་གླེང་མོལ་སྟེགས་བུ་ཞིག་ཏུ་གྱུར་ཞིང་། རྒྱལ་ཁབ་གཉིས་ཀྱིས་དྲ་རྒྱའི་སྨྱན་བྱད་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་བཏང་ནས་གོ་ལ་རང་བཞིན་གྱི་བཅོས་སྐྱོང་མ་ལག་བཅོས་སྒྱུར་བྱེད་པར་སྐུལ་འདེད་དང་། རྒྱུད་སྒྲོག་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་དྲང་བདེན་གྱི་རྒྱལ་སྤྱིའི་གླེང་ཕྱོགས་ཀྱི་སྒྲིག་ལམ་བཟོས་པ། མི་ཆོས་བརྗེ་རེས་ཇེ་དྲག་ཏུ་བཏང་ནས་ཀྲུང་ཨུའི་རིག་གནས་ཕན་ཚུན་དཔྱད་གཞིར་བཟུང་བ། གསར་སྐྲུན་སྣེ་ཁྲིད་བྱེད་པར་རྒྱུན་འཁྱོངས་བྱས་ནས་འགྲན་རྩོད་ཀྱི་དགེ་མཚན་བརྟན་གཏོང་བྱས་པ། གར་སྟེགས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ་མཉམ་ལས་གྲུབ་འབྲས་ལ་ཕན་འབྲས་གང་མང་ཐོབ་པ་རེད།

ཨུ་རུ་སུ་མནའ་འབྲེལ་གྲངས་འཛིན་འཕེལ་རྒྱས་དང་འཕྲིན་གཏོང་། སྤྱི་བའི་སྨྱན་བྱད་རྒྱུད་གཏོང་པུའུ་ཡི་པུའུ་ཀྲང་གཞོན་པ་ཆའེ་འར་ཁུ་སོ་ཝ·པའེ་ལ·མུའུ་ཧ་པི་ཡེ་ཧྥུ་ནཱ་ཡིས། ཀྲུང་གོ་དང་ཨུ་རུ་སུ་སྨྱན་བྱད་ཀྱིས་ཕན་ཚུན་མཐུན་སྦྱོར་ལ་ཤུགས་བསྣན་ནས། དུས་ཐོག་ཏུ་ཆ་འཕྲིན་ངོ་མ་རྒྱུད་གཏོང་བྱ་རྒྱུ་མ་ཟད། སྔར་ལས་ལྷག་པར་ཉམས་མྱོང་མཉམ་སྤྱོད་ལ་ཤུགས་བསྣན་ནས་མུ་མཐུད་དུ་ཕྱོགས་གཉིས་ཀྱི་མཉམ་ལས་སྐས་རིམ་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་དགོས་ཞེས་བསྟན། 

ཐེངས་འདིའི་གླེང་སྟེགས་ནི་ཀྲུང་གོ་རྒྱལ་ཁབ་དྲ་སྦྲེལ་ཆ་འཕྲིན་གཞུང་ལས་ཁང་དང་ཨུ་རུ་སུ་མནའ་འབྲེལ་གྲངས་འཛིན་འཕེལ་རྒྱས་དང་འཕྲིན་གཏོང་། སྤྱི་བའི་སྨྱན་བྱད་རྒྱུད་གཏོང་པུའུ་གཉིས་ཀྱིས་སྣེ་ཁྲིད་བྱས་ཤིང་། ཀྲུང་གོ་ཉིན་རེའི་ཚགས་པར་ཁང་དང་ཀྲུང་གོ་དྲ་སྦྲེལ་འཕེལ་རྒྱས་ཐེབས་རྩ་ཚོགས་པ་གཉིས་ཀྱིས་གཙོ་སྒྲུབ་བྱས་པ་ཡིན། །

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།