ཁཱ་ཐར་དང་ཨ་མན་གྱིས་མཉམ་ལས་གྲོས་མཐུན་མང་བོ་བཀོད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཁཱ་ཐར་དང་ཨ་མན་གྱིས་ཚེས་ཉེར་གཉིས་ཉིན་ཁཱ་ཐར་གྱི་རྒྱལ་ས་ཏའོ་ཧཱ་ནས་མཉམ་ལས་གྲོས་མཐུན་མང་བོ་བཀོད། ཁཱ་ཐར་གྱི་མགོ་ཁྲིད་པ་ཐཱ་མུས་མུའུ་དང་ཨ་མན་གྱི་མགོ་ཁྲིད་པ་ཧེ་སེ་མུའུ་མིང་འགོད་པའི་མཛད་སྒོར་ཞུགས། 

ཁཱ་ཐར་གྱི་མགོ་ཁྲིད་པའི་གཞུང་སྒྲུབ་ཁང་གི་དྲ་ཚིགས་ནས་བསྒྲགས་པ་ལྟར་ན། ཁཱ་ཐར་དང་ཨ་མན་གྱིས་ཉིན་དེར་མིང་བཀོད་པའི་མཉམ་ལས་གྲོས་མཐུན་ལ་རྒྱལ་ཁབ་གཉིས་ཀྱི་དམག་དོན་མཉམ་ལས་འབྲེལ་བར་ཤུགས་སྣོན་པའི་དམག་དོན་མཉམ་ལས་གྲོས་མཐུན་དང་། ཕན་ཚུན་གྱི་དངུལ་གཏོང་གྲོས་མཐུན། ཁྲལ་བསྡུ་ཐེངས་གཉིས་བྱེད་པ་དང་ཁྲལ་མི་འཇལ་བར་སྔོན་འགོག་བྱེད་པའི་གྲོས་མཐུན། ཡུལ་སྐོར་མཉམ་ལས་གྲོས་མཐུལན་སོགས་འདུས། བསྒྲགས་པའི་གནས་ཚུལ་ལས་གྲོས་མཐུན་དེ་དག་གི་བྱེ་བྲག་གི་ནང་དོན་གསལ་བོར་བསྒྲགས་མེད། 

ཐཱ་མུས་མུའུ་དང་ཧེ་སེ་མུའུ་ཡིས་ཉིན་དེར་གྲོས་མོལ་སྤེལ་ནས། ཕྱོགས་གཉིས་ཀྱི་འབྲེལ་བ་དང་རྒྱལ་སྤྱི་དང་ས་ཁུལ་གྱི་གནས་བབ་སོགས་གནད་དོན་ལ་གྲོས་བསྡུར་བྱས་པར་མ་ཟད། མཚོ་ཁུགས་ས་ཁུལ་གྱི་བདེ་འཇགས་དང་གཏན་འཇགས་ཐད་ནས་བསམ་འཆར་བརྗེ་རེས་བྱས། 

བསྒྲགས་པ་ལྟར་ན། ཧེ་སེ་མུའུ་ཡིས་ཚེས་ཉེར་གཉིས་ཉིན་ནས་བཟུང་ཁཱ་ཐར་ལ་དུས་ཡུན་ཉིན་གཉིས་ཀྱི་དངོས་གཞིའི་འཚམས་འདྲི་བྱེད་མགོ་བརྩམས་པ་དང་། དེ་ནི་ཁོས་ཉིས་སྟོང་ལོའི་ཟླ་དང་པོར་ཨ་མན་གྱི་མགོ་ཁྲིད་པའི་འགན་ཁུར་བའི་ཚུན་ལ་ཐོག་དང་པོར་ཁཱ་ཐར་དུ་འཚམས་འདྲི་བྱས་པ་རེད། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།