དབྱི་ལིང་ཕྱི་འབྲེལ་པུའུ་ཡིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ནང་ཡང་བསྐྱར་ཞུགས་པའི་གོ་སྐབས་དེ་ཨ་མེ་རི་ཁར་གཏན་དུ་སྒོ་འབྱེད་བྱེད་མི་སྲིད་པའི་ཚུལ་བསྟན།

ཞིན་ཧུ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ལིང་གི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཧཱ་ཐིས་པུའུ་ཀྲ་ཏི་ཡིས་ཚེས་ཉེར་གཉིས་ཉིན་བསྟན་དོན། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ནང་ཡང་བསྐྱར་ཞུགས་པའི་གོ་སྐབས་དེ་དུས་གཏན་དུ་ཨ་མེ་རི་ཁར་སྒོ་འབྱེད་བྱེད་མི་སྲིད་ཟེར། 

ཧཱ་ཐིས་པུའུ་ཀྲ་ཏི་ཡིས་ཉིན་དེར་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། དབྱི་ལིང་གིས་ཟླ་འདིའི་ཟླ་མཇུག་ཏུ་ཨོ་སི་ཁྲུ་རི་ཡཱའི་རྒྱལ་ས་ཝེ་ཡེ་ནཱ་ནས་སླར་གསོ་བྱས་པའི་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མོལ་ལས་དབྱི་ལིང་གི་བཀག་སྡོམ་མེད་པར་གཏོང་བའི་ཐད་ནས་དངོས་གཉེར་གྱི་གྲོས་མཐུན་འདོད་པའི་རེ་བ་ཡོད་ཟེར། གལ་ཏེ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་དེས་དབྱི་ལིང་ལ་བྱེ་བྲག་གི་དཔལ་འབྱོར་ཁེ་ཕན་བསྐྲུན་མི་ཐུབ་པ་དང་། དབྱི་ལིང་ལ་རོགས་རམ་བྱས་ནས་ཕྱི་ཕྱོགས་ཉོ་ཚོང་རྒྱུན་ལྡན་ཅན་མངོན་འགྱུར་བྱེད་མ་ཐུབ་ན། ཨ་མེ་རི་ཁས་སྒེའུ་ཁུང་དེ་དུས་གཏན་དུ་སྒོ་འབྱེད་བྱེད་མི་སྲིད་པ་ཤེས་དགོས་ཟེར། 

ཧཱ་ཐིས་པུའུ་ཀྲ་ཏི་ཡིས་བསྟན་དོན། དབྱི་ལིང་གིས་ལྷག་བསམ་རྣམ་དག་གིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལ་ཞུགས་སྲིད་པ་དང་། འབྲེལ་ཡོད་ཕྱོགས་ཁག་གཞན་པ་ཡང་ནན་ཏན་གྱིས་གྲོས་མོལ་ལ་ཞུགས་པར་རེ་བཞིན་ཡོད། གལ་ཏེ་འབྲེལ་ཡོད་ཕྱོགས་ཀྱིས་གྲོས་མོལ་ཁྲོད་ལྷག་བསམ་རྣམ་དག་མིན་པ་དང་འཛུགས་སྐྲུན་རང་བཞིན་མ་ཡིན་པའི་བསམ་ཚུལ་བསྟན་ན། དབྱི་ལིང་གིས་དེར་རྒོལ་ལན་སྤྲོད་ངེས་ཡིན་ཟེར། 

ཧཱ་ཐིས་པུའུ་ཀྲ་ཏི་ཡིས་བཤད་རྒྱུར། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཀི་ལོ་ཞི་ཡིས་ཉིན་དེའི་དགོང་མོ་ནས་བཟུང་དབྱི་ལིང་དུ་འཚམས་འདྲི་བྱེད་རྒྱུ་ཡིན་པ་དང་། ཐེངས་འདིའི་འཚམས་འདྲི་དེ་སྔོན་ཆད་དང་འདྲ་བར་འཛུགས་སྐྲུན་རང་བཞིན་ལྡན་པ་ཞིག་ཡིན་པར་རེ་བཞིན་ཡོད། དབྱི་ལིང་གིས་ནམ་རྒྱུན་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་ལག་རྩལ་མཉམ་ལས་ཀྱི་སྒྲོམ་གཞིའི་ནང་དབྱི་ལིང་བར་མཉམ་ལས་བྱེད་པའི་གྲོས་གཞི་བཏོན་པ་དང་། རྒྱལ་ཁབ་གཞན་པས་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་མིང་བཟུང་ནས་རང་གི་ཆབ་སྲིད་འདོད་བློར་སྐུལ་འདེད་གཏོང་མི་རུང་ཟེར། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།