ཀྲུང་གོ་བོད་ཀྱི་དྲ་བ།

རྒྱ་གར་གྱི་ཨན་ཏེ་ལཱ་མངའ་སྡེར་ཆུ་ལོག་བྱུང་ནས་མི་བཅུ་བདུན་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-11-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱ་གར་གྱི་སྨྱན་བྱད་ཀྱིས་ཚེས་ཉི་ཤུ་ཉིན་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་ལྷོ་རྒྱུད་ཀྱི་ཨན་ཏེ་ལཱ་མངའ་སྡེར་ཆར་པ་བསྟུད་མར་བབས་པའི་དབང་གིས་མི་བཅུ་བདུན་རྐྱེན་ལམ་དུ་ཤོར་བ་དང་མི་བརྒྱ་ལྷག་ཙམ་གར་སོང་ཆ་མེད་དུ་གྱུར།

རྒྱ་གར་སྐབས་དོན་ཚགས་པར་གྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཨན་ཏེ་ལཱ་མངའ་སྡེ་ལ་ཚེས་བཅོ་བརྒྱད་ཉིན་གྱི་དགོང་མོ་ནས་བཟུང་ཆར་པ་བསྟུད་མར་བབས་ཏེ། ཆི་ཐུའུ་ཨར་དང་ཁ་ཏ་ཕ། ཁ་ནུར། ཨ་ནེན་ཏ་པུར་བཅས་རྫོང་བཞི་རུ་རི་ཉིལ་བའི་དོན་རྐྱེན་བྱུང་།  ཐེངས་འདིའི་ཆུ་ལོག་གིས་ཁྱོན་བསྡོམས་མི་བཅུ་བདུན་རྐྱེན་ལམ་དུ་བཏང་བ་དང་། གཞན་ཡང་མི་བརྒྱ་ལྷག་ཙམ་ཆུ་ལོག་གིས་ཁུར་ནས་གར་སོང་ཆ་མེད་དུ་གྱུར་བ་ལས་གཞན། ས་གནས་ཁག་གཅིག་གི་ལྕགས་ལམ་དང་གཞུང་ལམ་གྱི་འགྲིམ་འགྲུལ་ཆད་པར་བྱས།

གནས་ཚུལ་སྤེལ་བ་ལྟར་ན། རྒྱལ་ཁབ་ཀྱི་གནོད་སྐྱོན་སེལ་མཁན་གྱི་དཔུང་སྡེ་བདུན་གནོད་ཐེབས་ས་ཁུལ་དུ་འབྱོར་ནས། ས་གནས་དེ་གའི་ཉེན་རྟོག་པ་དང་ཉེན་སེལ་མི་སྣ་དང་མཉམ་དུ་འཚོལ་སྐྱོབ་བྱས།

ཨན་ཏེ་ལཱ་མངའ་སྡེའི་ཉེ་འགྲམ་དུ་ཡོད་པའི་ཐེ་སྨིར་ན་ཏེ་མངའ་སྡེ་ལའང་། ཉེ་ཆར་དྲག་ཆར་བབས་ནས། མིག་སྔར་མི་བཅུ་ལྷག་ཙམ་རྐྱེན་ལམ་དུ་བཏང་།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།