ཀྲུང་གོ་བོད་ཀྱི་དྲ་བ།

སོ་ཏི་ཨ་རབ་ཀྱིས་མགོ་ཁྲིད་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གིས་ཡེ་མིན་གྱི་ཧུའུ་སེ་དྲག་ཆས་མི་སྣ་ཉིས་བརྒྱ་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-11-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཡེ་མིན་འཕྲིན་གཏོང་ཁང་གིས་ཚེས་བཅོ་བརྒྱད་ཉིན་སྤེལ་བའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གི་གསལ་སྒྲོག་ཅིག་ལས་བཤད་རྒྱུར། སོ་ཏི་ཨ་རབ་གཙོ་བྱས་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གིས་འདས་པའི་དུས་ཚོད་ཉེར་བཞིའི་ནང་ཡེ་མིན་དབུས་ཕྱོགས་ཀྱི་མཱ་ལི་པུའུ་ཞིང་ཆེན་དུ་སྤེལ་བའི་དམག་དོན་འགུལ་སྐྱོད་ཁྲོད་དུ་ཉུང་མཐར་ཡང་ཡེ་མིན་གྱི་ཧུའུ་སེ་དྲག་ཆས་མི་སྣ་ཉིས་བརྒྱ་བསད་ཟེར། 

བསྒྲགས་པ་ལྟར་ན། རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གི་འཐབ་འཛིང་གནམ་གྲུས་འདས་པའི་དུས་ཚོད་ཉེར་བཞིའི་ནང་མཱ་ལི་པུའུ་ཞིང་ཆེན་དུ་ཡོད་པའི་ཧུའུ་སེ་དྲག་ཆས་པའི་དམིགས་འབེན་ལ་བར་སྣང་འཇབ་རྒོལ་ཐེངས་སོ་ལྔ་བྱས་པ་དང་། ཉུང་མཐར་ཡང་ཧུའུ་སེ་དྲག་ཆས་མི་སྣ་ཉིས་བརྒྱ་བསད་ཡོད་ལ། དམག་དོན་རླངས་འཁོར་ཉེར་བཞི་གཏོར་བཤིག་བཏང་ཟེར། 

རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གིས་ད་རུང་བསྟན་དོན། ད་ལོའི་ཟླ་གཉིས་པར་ཧུའུ་སེ་དྲག་ཆས་པས་མཱ་ལི་པུའུ་ཞིང་ཆེན་དུ་དཔུང་འཇུག་བྱས་པའི་ཚུན་ལ། རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གིས་བསྡོམས་པས་ཧུའུ་སེ་དྲག་ཆས་མི་སྣ་ཁྲི་གཉིས་དང་སྟོང་བདུན་བསད་ཡོད་ཟེར། 

ད་ལོའི་ཟླ་བཅུ་བའི་ཟླ་དཀྱིལ་གྱི་ཚུན་ལ། རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གིས་ཕལ་ཆེར་ཉིན་རྒྱུན་ཧུའུ་སེ་དྲག་ཆས་མི་སྣ་བཅུ་ཕྲག་ནས་བརྒྱ་ཕྲག་ལྷག་བསད་པ་ཁྱབ་བསྒྲགས་བྱས་ཀྱང་། ཧུའུ་སེ་དྲག་ཆས་པས་ཤི་རྨས་ཐེབས་པའི་གཞི་གྲངས་དེའི་ཐད་ནས་རྣམ་འགྱུར་ཅི་ཡང་བསྟན་མེད། 

མཱ་ལི་པུའུ་ཞིང་ཆེན་ནི་ཡེ་མིན་གྱི་རྡོ་སྣུམ་ཐོན་སྐྱེད་བྱེད་སའི་ས་ཁུལ་གཙོ་བོ་ཡིན་པ་དང་། རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གི་བཀོད་འདོམ་པུའུ་ཡོད་སའི་གནས་ཀྱང་ཡིན། ད་ལོའི་ཟླ་གཉིས་པའི་ཚུན་ལ། ཧུའུ་སེ་དྲག་ཆས་པས་ཞིང་ཆེན་དེར་དཔུང་འཇུག་དྲག་པོ་བྱས་པ་དང་། ད་ལྟ་ཞིང་ཆེན་དེའི་ས་ཁུལ་མང་ཆེ་བ་བཙན་བཟུང་བྱས་ཡོད་པ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།