ཀྲུང་གོ་བོད་ཀྱི་དྲ་བ།

པུ་ཁི་ནཱ་ཧྥ་སོ་བྱང་ཕྱོགས་ས་ཁུལ་དུ་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་ང་གསུམ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-11-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  པུ་ཁི་ནཱ་ཧྥ་སོ་སྲིད་གཞུང་གི་མགྲིན་ཚབ་པ་ཐན་པུའུ་ལཱ་ཡིས་ཚེས་བཅུ་བདུན་ཉིན་བཤད་རྒྱུར། རྒྱལ་ཁབ་དེའི་བྱང་ཕྱོགས་ཀྱི་སཱ་ཧི་ལེ་ས་ཁུལ་ཆེན་མོ་ནས་ཉེ་སྔོན་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་སྟེ། མི་ང་གསུམ་རྐྱེན་ལམ་དུ་ཤོར་ཟེར། 

ཐན་པུའུ་ལཱ་ཡིས་བཤད་རྒྱུར། སཱ་ཧི་ལེ་ས་ཁུལ་ཆེན་མོའི་སུའུ་མུའུ་ཞིང་ཆེན་དུ་ཚེས་བཅུ་བཞི་ཉིན་བྱུང་བའི་དམག་དཔུང་གི་ཡན་ལག་རུ་ཁག་ལ་འཇབ་རྒོལ་ཐེབས་པའི་དོན་རྐྱེན་ལས་དམག་མི་ཞེ་དགུ་དང་མི་སེར་དཀྱུས་མ་བཞི་རྐྱེན་ལམ་དུ་ཤོར་བ་དང་། གར་སོང་མ་རྙེད་པའི་མི་ཞེ་དྲུག་རྙེད་ཡོད། རྟོག་ཞིབ་རགས་ཙམ་བྱས་པ་ལྟར་ན། འཇབ་རྒོལ་ཐེབས་པའི་དམག་དཔུང་གི་ཡན་རུ་ཁག་དེར་མཁོ་སྒྲུབ་འགན་སྲུང་སོགས་ཀྱི་གནད་དོན་ལྡན་པས། མཐོ་རིམ་བཀོད་འདོམ་དཔོན་པོ་གཉིས་ཀྱི་ལས་འགན་ལག་བསྟར་བྱེད་མཚམས་འཇོག་ཏུ་བཅུག་ཡོད། 

པུ་ཁི་ནཱ་ཧྥ་སོ་ཡི་ཙུང་ཐུང་ཁཱ་པའོ་ལོས་ཀྱིས་ཚེས་བཅུ་བདུན་ཉིན་བསྟན་དོན། སྲིད་གཞུང་གིས་བྱེད་ཐབས་སྤྱད་དེ་ཧུར་ཐག་སྒོས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཁྲོད་ཀྱི་ཞན་ཆ་སྣ་ཚོགས་ཡོ་བསྲང་བྱེད་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།