ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་དཀར་པོ་དང་འཇར་མན་གྱི་མགོ་ཁྲིད་པས་ཁ་པར་བརྒྱུད་དེ་མཐའ་མཚམས་ས་ཁུལ་གྱི་ཡུལ་གྱར་བའི་གནད་དོན་ལ་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-11-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སི་དཀར་པོའི་ཙུང་ཐུང་ལུའུ་ཁཱ་ཧྲིན་ཁི་ཡིས་ཚེས་བཅོ་ལྔ་ཉིན་འཇར་མན་ལྟ་སྐྱོང་སྲིད་གཞུང་གི་ཙུང་ལི་མའོ་ཁི་ཨར་ལ་ཁ་པར་བཏང་སྟེ། ཨུ་རུ་སི་དཀར་པོ་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་མཐའ་མཚམས་ས་ཁུལ་གྱི་ཡུལ་གྱར་བའི་གནད་དོན་ལ་གྲོས་བསྡུར་བྱས། 

ཨུ་རུ་སི་དཀར་པོའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། དེ་ནི་ན་ནིང་ཨུ་རུ་སི་དཀར་པོའི་ཙུང་ཐུང་འདེམ་བསྐོའི་ཚུན་ལ་ལུའུ་ཁཱ་ཧྲིན་ཁི་ཡིས་ཐོག་དང་པོར་ནུབ་ཕྱོགས་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་བར་ཁ་པར་གྲོས་མོལ་བྱས་པ་རེད། ཕྱོགས་གཉིས་ཀྱི་ཁ་པར་གྲོས་མོལ་དེར་ཧ་ལམ་སྐར་མ་ལྔ་བཅུ་ཙམ་འགོར་བ་དང་། མཐའ་མཚམས་ས་ཁུལ་གྱི་ཡུལ་གྱར་བའི་གནད་དོན་ཐག་གཅོད་བྱེད་ཐབས་དང་མདུན་ལྗོངས་ལ་གྲོས་བསྡུར་བྱས་པར་མ་ཟད། ཡུལ་གྱར་བར་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་པའི་ཐད་ནས་བསམ་འཆར་བརྗེ་རེས་བྱས། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་མཐའ་མཚམས་ས་ཁུལ་གྱི་ཡུལ་གྱར་བའི་གནད་དོན་ཐག་གཅོད་བྱེད་པའི་ཐད་ནས་མུ་མཐུད་དུ་གྲོས་མོལ་བྱེད་པར་ཡིད་འཐད་བྱུང་། 

ཟླ་འདིའི་ཚེས་བཅུ་བཞི་ཉིན། ཨུ་རུ་སི་དཀར་པོའི་ཕྱི་འབྲེལ་བློན་ཆེན་མཱ་ཁི་དབྱེ་ཡིས་ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་པའོ་ལོས་ལེ་དང་ཁ་པར་གྲོས་མོལ་བྱས་ཏེ། ཨུ་རུ་སི་དཀར་པོས་མཐའ་མཚམས་ས་ཁུལ་གྱི་ཡུལ་གྱར་བ་ཇེ་ཉུང་དུ་གཏོང་བའི་ཐད་སྤྱད་པའི་བྱེད་ཐབས་སོགས་མཚམས་སྦྱོར་བྱས་པ་དང་། ཨུ་རུ་སི་དཀར་པོའི་ཕྱོགས་ཀྱིས་མྱུར་མོར་ཡུལ་གྱར་བའི་ཉམས་ཉེན་ཐག་གཅོད་བྱེད་འདོད་ཡོད་པའི་ཚུལ་བསྟན། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།