ཀྲུང་གོ་བོད་ཀྱི་དྲ་བ།

ཁི་ཝེ་ཐི་ཡི་མགོ་ཁྲིད་པས་ནེ་ཀིས་མཉམ་དུ་ལས་ཁུར་དགོངས་ཞུ་བྱེད་པར་ཆོག་མཆན་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-11-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཁི་ཝེ་ཐིའི་མགོ་ཁྲིད་པ་ནཱ་ཝ་ཧྥུའུ་ཡིས་ཚེས་བཅུ་བཞིའི་ཉིན་ནེ་ཀིས་མཉམ་གཅིག་ཏུ་ལས་ཁུར་དགོངས་ཞུ་བྱེད་པར་ཆོག་མཆན་བཀོེད་པ་དང་། ནེ་ཀི་གསར་བ་བདམས་ཐོན་འབྱུང་རག་བར་ནེ་ཀི་ཡིས་མུ་མཐུད་དུ་བྲེལ་མྱུར་ལས་དོན་ཐག་གཅོད་བྱེད་དགོས་པའི་རེ་བ་བཏོན། 

ཁི་ཝེ་ཐིའི་དབུ་བཞུགས་བློན་ཆེན་སཱ་པཱ་ཧི་ཡིས་ཚེས་བརྒྱད་ཉིན་ནཱ་ཝ་ཧྥུའུ་ལ་ནེ་ཀིས་མཉམ་གཅིག་ཏུ་ལས་ཁུར་དགོངས་ཞུ་བྱེད་པའི་གྲོས་གཞི་བཏོན། ཉིན་དེའི་དགོང་མོར་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་ཅཱ་ནེ་མུའུ་ཡིས་ཚེས་དགུ་ཉིན་བསྡུ་བར་ཐག་བཅད་ཡོད་པའི་གྲོས་ཁང་གི་རྒྱུན་སྲོལ་གྲོས་ཚོགས་མེད་པར་བཏང་བ་ཁྱབ་བསྒྲགས་བྱས། ས་གནས་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། གྲོས་མི་དག་གིས་ཐེངས་འདིའི་གྲོས་ཚོགས་སྟེང་ནེ་ཀིའི་ཁོངས་མི་མང་བོར་འདྲི་གཅོད་བྱེད་རྒྱུ་གཏན་འཁེལ་བྱས་ཡོད་ཟེར། 

དུས་ཡུན་རིང་བོར། ཁི་ཝེ་ཐིའི་ནེ་ཀི་དང་གྲོས་ཁང་གི་འབྲེལ་བ་ཛ་དྲག་ཡིན་པ་དང་། གྲོས་མི་དག་གིས་ཐེངས་མང་བོར་ནེ་ཀིའི་ཁོངས་མིར་འདྲི་གཅོད་བྱེད་པའི་བྱ་འགུལ་སྤེལ་མྱོང་། ནེ་ཀིས་ལས་ཁུར་དགོངས་ཞུ་བྱས་རྗེས་འབྲེལ་ཡོད་ཀྱི་འདྲི་གཅོད་བྱ་བ་རང་འགུལ་གྱིས་རྩིས་མེད་དུ་གྱུར་བ་རེད། 

ད་ལོའི་ཟླ་བཅུ་བའི་ཟླ་མགོར། ནཱ་ཝ་ཧྥུའུ་ཡི་མཛུབ་སྟོན་ལྟར། ནེ་ཀི་དང་གྲོས་ཁང་གིས་གྲོས་མོལ་བྱས་པ་དང་། གྲོས་མོལ་ལ་བརྟེན་ནས་ཕྱོགས་གཉིས་ཀྱི་འགལ་བ་ཐག་གཅོད་བྱེད་མགོ་བརྩམས། 

ད་ལོའི་ཟླ་དང་པོར། ནཱ་ཝ་ཧྥུའུ་ཡིས་སཱ་པཱ་ཧི་དབུ་བཞུགས་བློན་ཆེན་དུ་བསྐོ་འཇོག་བྱས་ཏེ་ནེ་ཀི་རྩ་འཛུགས་བྱེད་པའི་འགན་ཁུར་དུ་བཅུག ཟླ་གསུམ་པར་སཱ་པཱ་ཧི་ཡིས་མགོ་ཁྲིད་པའི་ནེ་ཀི་དངོས་སུ་བཙུགས་པ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།