དབྱི་རག་ལྷོ་ཕྱོགས་སུ་བསྟུད་མར་ས་ཡོམ་རིམ་པ6.4དང6.3ཅན་ཐེངས་གཉིས་བྱུང་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་ས་ཡོམ་ལྟེ་གནས་ཀྱི་སྙན་ཞུ་ལྟར་ན། ཟླ11པའི་ཚེས14ཉིན་གྱི་ཕྱི་དྲོར། དབྱི་རག་ལྷོ་ཕྱོགས་ཀྱི་ཧོ་འར་མུ་སུ་ཀན་ཞིང་ཆེན་དུ་བསྟུད་མར་ས་ཡོམ་རིམ་པ6.4དང6.3ཅན་ཐེངས་གཉིས་བྱུང་། མིག་སྔར་མི1ཚེ་ལས་འདས་པ་དང་གཞན་མི3ལ་རྨས་ཕོག

དབྱི་རག་ས་ཡོམ་ལྟེ་གནས་ཀྱི་སྙན་ཞུ་ལྟར་ན། ས་ཡོམ་ཐེངས་དང་པོ་བྱུང་དུས་ནི་ས་གནས་དེ་གའི་ཆུ་ཚོད15དང་སྐར་མ37(པེ་ཅིང་གི་ཆུ་ཚོད20དང་སྐར་མ07)སྟེང་ཡིན་ལ། ཡོམ་ལྟེའི་གཏིང་ཚད་སྤྱི་ལེ18ཡོད། དེ་ནས་དུས་ཚོད་སྐར་མ་གཉིས་ཀྱི་རྗེས་སུ་ཡང་བསྐྱར་ས་ཡོམ་ཐེངས་གཉིས་པ་བྱུང་ཞིང་དེའི་ཡོམ་ལྟེའི་གཏིང་ཚད་སྤྱི་ལེ15རེད། 

དབྱི་རག་རྒྱལ་ཁབ་བརྙན་འཕྲིན་ཁང་གིས་བསྒྲགས་པའི་གསར་འགྱུར་ལྟར་ན། ཧོ་འར་མུ་སུ་ཀན་ཞིང་ཆེན་གྱི་ཨ་པ་སི་ཀང་དུ་མི་ཞིག་ལ་ས་ཡོམ་སྐབས་གློག་སྡོང་མར་ལྷུང་ནས་བསད་པ་རེད། ས་ཡོམ་བྱུང་རྗེས་སུ་ས་གནས་དེ་གའི་མང་ཚོགས་རྣམས་རང་ཡུལ་ནས་ཕྱིར་བྲོས་ཏེ་ཡོལ་ཐབས་བྱས།  ཞིང་སྡེ་ས་ཁུལ་ཁ་ཤས་ཀྱི་གློག་དང་འཕྲིན་གཏོང་ཞབས་ཞུ་ལ་བཀག་རྒྱ་ཐེབས་ཡོད། མིག་སྔར་རོགས་སྐྱོབ་རུ་ཁག་གནོད་ཐེབས་ས་ཁུལ་དུ་འབྱོར་ཞིང་ས་ཡོམ་ལས་བྱུང་བའི་གྱོད་གུད་ལ་དཔྱད་དཔོག་བྱེད་བཞིན་པའི་སྒང་རེད། །

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།