ཀྲུང་གོ་བོད་ཀྱི་དྲ་བ།

ཨིར་ལན་རྒྱལ་ཁབ་ཀྱིས་ཀྲུང་གོའི་ཁའོ་ཞིན་དང་རྒྱལ་སྨན་གྱི་འགོག་སྨན་བརྒྱབ་ཡོད་ན་རྒྱལ་ནང་དུ་ལོག་ཆོག་པར་བཏང་བ།

    སྤེལ་དུས། : 2021-11-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ11པའི་ཚེས14ཉིན། གསར་འགོད་པས་ཨིར་ལན་སྲིད་གཞུང་དྲ་བ་ལས་ཤེས་གསལ་བྱུང་བ་ལྟར་ན། ཨིར་ལན་རྒྱལ་ཁབ་ཀྱིས་ཀྲུང་གོའི་ཁའོ་ཞིན་དང་རྒྱལ་སྨན་སྡེ་ཚོགས་ཀྱིས་ཐོན་སྐྱེད་བྱས་པའི་པྲོག་གསར་རིམས་ནད་ཀྱི་འགོག་སྨན་བརྒྱབ་ནས་ཉིན14འགོར་ཡོད་པའི་ཡུལ་སྐོར་བར་ནུས་ལྡན་གྱི་བདེན་དཔང་ཡི་གེ་ཡོད་ན་རྒྱལ་ནང་དུ་ལོག་ཆོག་ཅེས་རྒྱལ་སྤྱིའི་ཡུལ་སྐོར་གཏན་འབེབ་ཀྱི་ནང་དོན་གསར་བསྒྱུར་བྱས་འདུག

གོང་གི་གཏན་འབེབས་ལྟར་ན། ཨིར་ལན་དུ་བསྐྱོད་པའི་ཡུལ་སྐོར་བ་ཚོས་ངེས་པར་དུ་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་བརྒྱབ་ཟིན་པའི་བདེན་དཔང་ཡི་གེ་དང་པྲོག་གསར་གློ་ཚད་དྲག་སྐྱེད་བྱུང་བའི་བདེན་དཔང་འདོན་སྤྲོད་བྱ་དགོས་པ་མ་ཟད། དུས་ཚོད72ནང་ཚུན་གྱི་ཉིང་སྐྱུར་བརྟག་དཔྱད་ཀྱི་དཔྱད་འབྲས་གདགས་གཤིས་ཡིན་པའི་བདེན་དཔང་དགོས་པ་རེད། མིག་སྔར་ཨིར་ལན་རྒྱལ་ཁབ་ཀྱིས་ཁས་ལེན་པའི་པྲོག་གསར་རིམས་ནད་ཀྱི་འགོག་སྨན6ཡོད་དེ། དེ་དག་ནི་གསར་དུ་ཁ་སྣོན་བྱས་པའི་ཁའོ་ཞིན་དང་རྒྱལ་སྨན་ཀྱི་འགོག་སྨན་ལས་གཞན། ཧུའེ་རུའེ་དང་མོ་ཏི་ན། ཆང་ཧྲེང་། ཨ་སི་ལི་ཁང་བཅས་ཀྱི་འགོག་སྨན་རེད།

ཟླ10པའི་ཚེས22ཉིན་ནས་བཟུང་། ཨིར་ལན་སྲིད་གཞུང་གིས་རིམས་ནད་ཀྱི་ཉེན་ཁ་ཆེ་བའི་རྒྱལ་ཁབ་ནས་ཡོང་བའི་ཡུལ་སྐོར་བ་རྣམས་ལ་བཙན་གྱིས་གཅིག་བསྡུས་ལོག་བཀར་བྱེད་པའི་གཏན་ཁེལ་དང་རྒྱལ་ནང་དུ་ལོག་པའི་ཡུལ་སྐོར་བས་ངེས་པར་དུ་རང་ཁྱིམ་ནས་རང་གིས་རང་ལ་ལོག་བཀར་བྱེད་པའི་གཏན་ཁེལ་མེད་པར་བཟོས་པ་མ་ཟད། རྒྱལ་ནང་དུ་ལོག་པའི་ཡུལ་སྐོར་བས་དུས་ལྟར་སྡོད་གནས་དང་འབྲེལ་གཏུག་ཁ་པར་སོགས་འདོན་སྤྲོད་བྱེད་དགོས་པའི་བླང་བྱའང་མེད་པར་བཟོས། 

ད་ལོའི་ཟླ7པ་དང་ལྷག་པར་དུ་ཟླ10པའི་ཚེས22ཉིན་ནས་བཟུང་།  ཨིར་ལན་རྒྱལ་ཁབ་ཀྱི་པྲོག་གསར་གློ་ཚད་རིམས་ནད་འབྱུང་ཚད་ཆེས་ཆེར་འཕར་བ་རེད།  རྒྱལ་ཁབ་དེའི་འཕྲོད་བསྟེན་པུའུ་ཡིས་ཟླ11པའི་ཚེས13ཉིན་བསྒྲགས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། ཨིར་ལན་དུ་ཉིན་དེར་གསར་དུ་པྲོག་གསར་གློ་ཚད་ཀྱི་ནད་རྟགས་གཏན་ཁེལ་བྱས་པའི་ནད་པ4642བྱུང་བ་དེ་ཉིན་སྔོན་མར་ཆེས་མཐོ་བའི་ཟིན་ཐོ་བཏོད་པའི་ནད་པ5483ལས་ཅུང་ཉུང་བ་རེད། 

མིག་སྔར་ཨིར་ལན་དུ་ཉིན་རེ་བཞིན་པྲོག་གསར་གློ་ཚད་ཀྱི་ནད་པ་ཅི་ཙམ་ཡོད་པ་ཁྱབ་བསྒྲགས་བྱེད་ཀྱིན་མེད་མོད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དྲ་ཚིགས་ཀྱི་གཞི་གྲངས་ལྟར་ན། ཟླ་འདིའི་ཚེས12ཉིན་བར། ཨིར་ལན་དུ་བསྡོམས་པས་པྲོག་གསར་གློ་ཚད་ཀྱི་ནད་པ484523ཡོད་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།