ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནེ་པཱ་ལཱའི་ཞི་བདེ་སྲུང་སྐྱོབ་ཀྱི་བུད་མེད་ཉེན་རྟོག་པ་ཞིག་ལ་བྱ་དགའ་བསྩལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-11-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་དགུ་ཉིན་བརྙན་རིས་བརྒྱུད་དེ་ནེ་པཱ་ལཱའི་སིང་ཡཱ་མཱ་ལཱར་ཉིས་སྟོང་ཉེར་གཅིག་ལོའི་ཕུལ་དུ་བྱུང་བའི་ཞི་བདེ་སྲུང་སྐྱོབ་ཀྱི་བུད་མེད་ཉེན་རྟོག་པའི་བྱ་དགའ་བསྩལ་ཏེ། ཁོ་མོས་པྲོག་གསར་གློ་ཚད་རིམས་ནད་དང་ཨེ་པའོ་ལཱ་རིམས་ནད། དེ་མིན་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་གཞན་པའི་སྐབས་སུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་མི་སྣའི་ལུས་ཕུང་བདེ་ཐང་ལ་འགན་སྲུང་བྱེད་པ་སོགས་ཀྱི་ཐད་བྱས་རྗེས་བཞག་པར་གཟེངས་བསྟོད་བྱས། 

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། མཱ་ལཱ་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོང་གོ་ཅིན་གྱི་གཏན་འཇགས་ཆེད་མངགས་ཚོགས་པར་གཏོགས་པའི་ཉེན་རྟོག་པའི་འཕྲོད་བསྟེན་དང་ཁོར་ཡུག་སྡེ་ཁག་འཛུགས་རོགས་བྱས་པར་མ་ཟད་སྡེ་ཁག་དེར་མགོ་ཁྲིད་བྱས། ཁོ་མོས་པྲོག་གསར་གློ་ཚད་རིམས་ནད་དང་འཇིགས་ཉེན་གཞན་པ་ལས་བྱུང་བའི་ཉེན་ཁ་ཇེ་དམའ་རུ་བཏང་སྟེ། ཞི་བདེ་སྲུང་སྐྱོབ་མི་སྣའི་བདེ་འཇགས་ལ་ཤུགས་སྣོན་བྱས། མཱ་ལཱར་བྱ་དགའ་ཐོབ་པ་དེས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བུད་མེད་ཉེན་རྟོག་པའི་འཛམ་གླིང་གི་ཞི་བདེ་དང་བདེ་འཇགས་ལ་སྐུལ་འདེད་གཏོང་བའི་ཐད་ཀྱི་བྱས་རྗེས་ལ་ཁས་ལེན་གང་ལེགས་བྱས་པ་མཚོན་ཡོད། 

མཱ་ལཱ་ཡིས་བརྙན་རིས་བརྒྱུད་དེ་བྱ་དགའ་སྟེར་བའི་སྐབས་སུ་བཤད་རྒྱུར། བྱ་དགའ་འདིས་རང་ཉིད་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་མཉམ་འབྲེལ་རྒྱལ་ཚོགས་དང་ཁོང་གོ་ཅིན་གྱི་མི་དམངས་ལ་ཞབས་འདེགས་ཞུ་བར་སྐུལ་མ་ཐེབས་སྲིད་པ་དང་། དེའི་ཞོར་དུ་རང་གི་ཉེ་འཁོར་གྱི་མི་ཚང་མར་སྐུལ་མ་ཐེབས་ཐུབ་པའི་རེ་བ་ཡོད་ཟེར། 

མཱ་ལཱ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོང་གོ་ཅིན་གྱི་གཏན་འཇགས་ཆེད་མངགས་ཚོགས་པའི་ཉེན་རྟོག་པའི་འཕྲོད་བསྟེན་དང་ཁོར་ཡུག་སྡེ་ཁག་གི་འགན་ཁུར་བ་ཡིན་པའི་ཆ་ནས། ལས་འགན་ལག་བསྟར་མི་སྣའི་བདེ་འཇགས་སྲིད་ཇུས་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་ཀྱི་ཉེན་རྟོག་པ་དང་ཁོར་ཡུག་གི་འབྲེལ་ཡོད་བྱེད་ཐབས་དངོས་འབེབ་བྱེད་པའི་འགན་ཁུར་ཡོད། བྲེལ་མྱུར་གནས་ཚུལ་བྱུང་བའི་སྐབས་སུ། མཱ་ལཱ་ཡིས་འགན་ཁུར་བའི་སྡེ་ཁག་གིས་དུས་ལྟར་ས་གནས་སྡོད་དམངས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་བྱེད་མི་སྣས་ཕན་ནུས་ལྡན་པའི་སྔོན་འགོག་བྱེད་ཐབས་སྤྱོད་དགོས་པའི་གསལ་འདེབས་བྱེད་བཞིན་ཡོད། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཕུལ་དུ་བྱུང་བའི་ཞི་བདེ་སྲུང་སྐྱོབ་ཀྱི་བུད་མེད་ཉེན་རྟོག་པའི་བྱ་དགའ་དེ་ཉིས་སྟོང་བཅུ་གཅིག་ལོར་བཙུགས་པ་དང་། བྱ་དགའ་དེའི་དམིགས་ཡུལ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་འགུལ་སྐྱོད་དང་བུད་མེད་ལ་དབང་ཆ་སྩོལ་བར་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ཕུལ་དུ་བྱུང་བའི་བྱས་རྗེས་བཞག་པའི་བུད་མེད་ཉེན་རྟོག་དཔོན་པོར་གཟེངས་བསྟོད་བྱེད་ཆེད་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།