ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཨ་མེ་རི་ཁས་ཨུ་རུ་སིའི་རྒྱལ་མཚམས་ཉེ་འདབས་སུ་རྒྱལ་ཁབ་མང་བོའི་དམག་དོན་སྡེ་ཚོགས་འཛུགས་རྩིས་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་གསར་འགྱུར་དྲ་བ།     སྤེལ་དུས། : 2021-11-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས་དགུ་ཉིན་བསྟན་དོན། ཨ་མེ་རི་ཁས་ཨུ་རུ་སིའི་རྒྱལ་མཚམས་ཉེ་འདབས་སུ་རྒྱལ་ཁབ་མང་བོའི་དམག་དོན་སྡེ་ཚོགས་འཛུགས་རྩིས་ཡོད་ཟེར། 

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཉིན་དེར་གསལ་སྒྲོག་ཅིག་ལས་བཤད་རྒྱུར། མིག་སྔར་ཨ་མེ་རི་ཁའི་དམག་དཔུང་གི་ཡོ་རོབ་གླིང་དམག་སྤྱི་པུའུ་ཡིས་རྩ་འཛུགས་བྱས་པའི་རྒྱལ་ཁབ་མང་བོའི་དམག་དོན་སྦྱོང་བརྡར་དེ་མཚོ་ནག་མཚོ་ཁོངས་སུ་སྤེལ་བཞིན་ཡོད། ཨ་མེ་རི་ཁའི་མཚོ་དམག་གི་པའོ་ཐི་རྟགས་ཅན་གྱི་མཐར་བསྐྲོད་གྲུ་གཟིངས་དང་ཧོས་ཐི་ནེ་རི་བོ་རྟགས་ཅན་གྱི་བཀོད་འདོམ་དམག་གྲུ། ཡའོ་ཧན་ལོན་སོ་ཨར་རྟགས་ཅན་གྱི་སྣུམ་འདྲེན་གྲུ་གཟིངས་བཅས་མཚོ་ནག་མཚོ་ཁོངས་སུ་འགུལ་སྐྱོད་བཞིན་ཡོད་པ་དང་། ཨ་མེ་རི་ཁའི་མཁའ་དམག་གིB-1Bརྟགས་ཅན་གྱི་འཐབ་ཇུས་འགས་གཏོར་གནམ་གྲུ་གཉིས་མཚོ་ནག་མཚོ་ཁོངས་ཀྱི་བར་སྣང་དུ་ཨུ་རུ་སིའི་རྒྱལ་མཚམས་བར་སྤྱི་ལེ་བརྒྱ་ཙམ་ཡོད་པའི་གནས་སུ་འཕུར་སྐྱོད་བྱེད་བཞིན་ཡོད། ཨ་མེ་རི་ཁའི་བྱ་སྤྱོད་དེ་དག་ལས་ཨ་མེ་རི་ཁས་ཨུ་རུ་སིའི་རྒྱལ་མཚམས་ཉེ་འདབས་སུ་རྒྱལ་ཁབ་མང་བོའི་དམག་དོན་སྡེ་ཚོགས་འཛུགས་རྩིས་ཡོད་པ་གསལ་བོར་ཤེས་ཐུབ་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཨ་མེ་རི་ཁ་ཕྱོགས་ཀྱི་བྱ་སྤྱོད་དེ་དག་ནི་ས་ཁུལ་རང་གི་གཏན་འཇགས་མིན་པའི་རྒྱུ་རྐྱེན་རེད། ཨ་མེ་རི་ཁའི་དམག་དཔུང་ལས་གཞན། ཀི་ལུའུ་ཅི་ཡཱ་དང་། རོ་མཱ་ནི་ཡཱ། པུར་ཀ་རི་ཡཱ། ཝུའུ་ཁི་ལན། ཐུར་ཁེ་སོགས་རྒྱལ་ཁབ་ཀྱི་དམག་དཔུང་ཡང་དམག་དོན་སྦྱོང་བརྡར་ལ་ཞུགས་ཡོད། དེ་ལས་གལ་སྲིད་ཝུའུ་ཁི་ལན་ཕྱོགས་ཀྱིས་དྲག་ཤུགས་ལ་བརྟེན་ནས་ཤར་ལྷོའི་ས་ཁུལ་གྱི་འཁྲུག་རྩོད་ཐག་གཅོད་བྱེད་རྩིས་ཡོད་ན། ཐེངས་འདིའི་དམག་དོན་སྦྱོང་བརྡར་ནི་མ་འོངས་པའི་དམག་དོན་འགུལ་སྐྱོད་ཀྱི་སྦྱོང་བརྡར་ཅིག་ཡིན་པ་གསལ་བོ་རེད་ཟེར། 

གསལ་སྒྲོག་ལས་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་མཚོ་ནག་གི་གནས་བབ་ལ་རྗེས་འདེད་ལྟ་རྟོག་བྱེད་བཞིན་ཡོད་པ་དང་། ཨུ་རུ་སིའི་མཚོ་ནག་གྲུ་གཟིངས་རུ་ཁག་གིས་ཨ་མེ་རི་ཁའི་དམག་གྲུའི་མཚོ་ནག་མཚོ་ཁོངས་ཀྱི་འགུལ་སྐྱོད་ལ་ལྟ་རྟོག་བྱེད་བཞིན་ཡོད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།