ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་ཚེས་དགུ་ཉིན་སྤྱི་སྒྲོག་སྤེལ་ཏེ། རྩ་འཛུགས་དེའི་ད་ལྟའི་སྤྱི་ཁྱབ་ལས་འཛིན་པ་ཨ་ཙུའུ་ལའེ་ཡིས་ཉིན་དེར་གཞན་ལས་འཕགས་པའི་ཁྱད་སྟོབས་ཀྱིས་བསྟུད་འགན་ཁུར་ཐུབ་པ་བྱུང་ཟེར།
སྐབས་ཞེ་གཅིག་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་ཚན་རིག་རིག་གནས་རྩ་འཛུགས་ཀྱི་ཚོགས་ཆེན་ཚེས་དགུ་ཉིན་ཧྥ་རན་སིའི་རྒྱལ་ས་ཕཱ་རེ་སི་ནས་ཚོགས་མགོ་བརྩམས། ཚོགས་ཆེན་ནས་ཨ་ཙུའུ་ལའེ་ཡིས་རྩ་འཛུགས་དེའི་སྐབས་གསར་བའི་སྤྱི་ཁྱབ་ལས་འཛིན་པའི་འགན་ཁུར་བའི་མིང་འདོན་ལ་གྲོས་ཞིབ་བྱས་པ་དང་། འདེམ་ཤོག་འཕེན་པའི་ཐབས་ཀྱིས་མོས་བསྟུད་འགན་ཁུར་བར་ཁས་ལེན་བྱས། ཨ་ཙུའུ་ལའེ་ལ་འདེམ་ཤོག་བརྒྱ་དང་རེ་དགུའི་ཁྲོད་ཀྱི་འདེམ་ཤོག་བརྒྱ་དང་ང་ལྔའི་རྒྱབ་སྐྱོར་ཐོབ་ཡོད། ཚོགས་ཆེན་གྱི་གྲོས་རིམ་ལྟར་ན། ཁོ་མོས་ཚེས་ཉེར་གཉིས་ཉིན་དངོས་སུ་སྐབས་གསར་བའི་སྤྱི་ཁྱབ་ལས་འཛིན་པའི་ལོ་བཞིའི་འགན་ཡུན་མགོ་རྩོམ་རྒྱུ་རེད།
ཨ་ཙུའུ་ལའེ་ཡིས་བདམས་ཐོན་བྱུང་རྗེས་བསྟན་དོན། འདེམ་ཤོག་ཕངས་པའི་མཇུག་འབྲས་དེ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་ཚན་རིག་རིག་གནས་རྩ་འཛུགས་ནང་ཁུལ་དུ་ཡང་བསྐྱར་མཐུན་སྒྲིལ་བྱུང་བའི་མཚོན་རྟགས་ཤིག་རེད། འདས་པའི་ལོ་བཞིའི་ནང་ང་ཚོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་ཚན་རིག་རིག་གནས་རྩ་འཛུགས་ལ་ཡང་བསྐྱར་ཀུན་གྱི་ཡིད་ཆེས་ཐོབ་པར་བྱས་པ་དང་། ཞོར་དུ་ཕྱོགས་མང་བོ་ནས་རྩ་འཛུགས་དེ་རང་སྟེང་གི་ཡིད་ཆེས་སླར་གསོ་བྱས་ཡོད་ཟེར།
ཨ་ཙུའུ་ལའེ་ནི་གཅིག་སྟོང་དགུ་བརྒྱ་དོན་གཉིས་ལོར་ཧྥ་རན་སི་ནས་སྐྱེས་པ་དང་། སྔོན་ཆད་ཧྥ་རན་སིའི་རིག་གནས་པུའུ་ཀྲང་གི་འགན་ཁུར་མྱོང་། ཉིས་སྟོང་བཅུ་བདུན་ལོའི་ཟླ་བཅུ་གཅིག་པར། ཁོ་མོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་ཚན་རིག་རིག་གནས་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པའི་འགན་ཁུར་མགོ་བརྩམས། ད་ལོའི་ཟླ་བཅུ་བར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་ཚན་རིག་རིག་གནས་རྩ་འཛུགས་ཀྱི་ལག་བསྟར་ཅུའུ་ཡིས་ཨ་ཙུའུ་ལའེ་ཡིས་རྩ་འཛུགས་དེའི་སྐབས་གསར་བའི་སྤྱི་ཁྱབ་ལས་འཛིན་པའི་འགན་ཁུར་བར་མིང་འདོན་བྱས།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་ཚན་རིག་རིག་གནས་རྩ་འཛུགས་ནི་གཅིག་སྟོང་དགུ་བརྒྱ་ཞེ་དྲུག་ལོར་བཙུགས་པ་དང་། སྤྱི་ཁྱབ་པུའུ་ཧྥ་རན་སིའི་ཕཱ་རེ་སི་རུ་བཙུགས་ཡོད། དེའི་དམིགས་ཡུལ་ནི་སློབ་གསོ་དང་ཚན་རིག རིག་གནས་བཅས་ལ་བརྟེན་ནས་རྒྱལ་ཁབ་སོ་སོའི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། མི་དམངས་བར་གྱི་ཕན་ཚུན་རྒྱུས་ལོན་ཇེ་དྲག་ཏུ་བཏང་ནས་འཛམ་གླིང་གི་ཞི་བདེ་ལ་སྲུང་སྐྱོབ་བྱེད་པའི་ཆེད་ཡིན། །