ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་རྒྱལ་ཚོགས་ནས་མེ་སྒོར་ཁྲག་ཁྲིག་ཆེན་མོ་གཅིག་གི་རྨང་གཞིའི་སྒྲིག་ཆས་ཀྱི་དངུལ་གཏོང་བཅའ་ཁྲིམས་འཆར་ཟིན་ལ་གྲོས་མཐུན་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-11-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་རྒྱལ་ཚོགས་ཀྱི་དམངས་གྲོས་ཁང་གིས་ཚེས་ལྔ་ཉིན་གྱི་དགོང་མོར་འདེམ་ཤོག་འཕངས་ཏེ་སྤྱིའི་འབོར་གྲངས་མེ་སྒོར་ཁྲག་ཁྲིག་ཆེན་མོ་གཅིག་ཡིན་པའི་ཏང་ཁག་བརྒལ་བའི་རྨང་གཞིའི་སྒྲིག་ཆས་ཀྱི་དངུལ་གཏོང་བཅའ་ཁྲིམས་འཆར་ཟིན་ལ་གྲོས་མཐུན་བཀོད། བཅའ་ཁྲིམས་འཆར་ཟིན་དེར་སྔ་མོ་ནས་གྲོས་ཞུགས་ཁང་གི་ཆོག་མཆན་ཐོབ་ཡོད་པས། ད་ལྟ་ཨ་མེ་རི་ཁའི་རྒྱལ་ཚོགས་ཀྱི་གྲོས་ཁང་གཉིས་ཀྱི་ཆོག་མཆན་ཐོབ་པ་རེད། དེའི་རྗེས་སུ་ཙུང་ཐུང་པེད་ཏིན་ལ་སྤྲད་དེ་མིང་བཀོད་རྗེས་ནུས་ལྡན་དུ་འགྱུར་སྲིད། 

ཨ་མེ་རི་ཁའི་དམངས་གྲོས་ཁང་གིས་དགོང་མོ་དེར་འདེམ་ཤོག་ཉིས་བརྒྱ་དང་ཉེར་བརྒྱད་ཡིད་འཐད་བྱུང་བ་དང་། འདེམ་ཤོག་ཉིས་བརྒྱ་དང་དྲུག་གིས་ངོ་རྒོལ་བྱེད་པའི་མཇུག་འབྲས་ཀྱིས་རྨང་གཞིའི་སྒྲིག་ཆས་ཀྱི་དངུལ་གཏོང་དང་ལས་ཞུགས་ཀྱི་བཅའ་ཁྲིམས་འཆར་ཟིན་དེར་གྲོས་འཆམ་བྱུང་བ་རེད། བཅའ་ཁྲིམས་འཆར་ཟིན་དེར་ད་ཡོད་ཀྱི་རྒྱལ་ཕྲན་མཉམ་འབྲེལ་གྱི་སྤྱི་བའི་བཟོ་སྐྲུན་ལས་གཞིར་མ་དངུལ་འདོན་སྤྲོད་བྱེད་པ་དང་། ལོ་ལྔའི་ནང་གསར་དུ་འཕར་བའི་མེ་སྒོར་ཁྲག་ཁྲིག་ལྔ་དང་ཐེར་ཆེན་ལྔ་བོ་གཞུང་ལམ་དང་ཟམ་པ་སོགས་རྨང་གཞིའི་སྒྲིག་ཆས་ཀྱི་ཞིག་གསོའི་ཐད་བཀོལ་བ་དང་། ཆུ་འདོན་མ་ལག་དང་གློག་དྲ། སྐུད་ཡོད་དྲ་བ་སོགས་གསར་བསྒྱུར་དང་འཐུས་ཚང་དུ་གཏོང་བ་སོགས་འདུས་ཡོད། ཨ་མེ་རི་ཁའི་གྲོས་ཞུགས་ཁང་གིས་ཟླ་བརྒྱད་པར་བཅའ་ཁྲིམས་འཆར་ཟིན་དེར་གྲོས་མཐུན་བཀོད་པ་རེད། 

ཨ་མེ་རི་ཁའི་ནོར་སྲིད་བློན་ཆེན་ཡེ་ལོན་གྱིས་ཉིན་དེའི་དགོང་མོར་གསལ་སྒྲོག་སྤེལ་ཏེ། རྒྱལ་ཁབ་ཅིག་གི་དཔལ་འབྱོར་སྟོབས་ཤུགས་དེ་རྨང་གཞིའི་སྒྲིག་ཆས་ཀྱི་སྟོབས་ཤུགས་ལ་རག་ལས་ཡོད། རྒྱལ་ཚོགས་ཀྱིས་རྨང་གཞིའི་སྒྲིག་ཆས་ཀྱི་དངུལ་གཏོང་བཅའ་ཁྲིམས་འཆར་ཟིན་དེར་གྲོས་མཐུན་བཀོད་ན། ཨ་མེ་རི་ཁའི་དཔལ་འབྱོར་འཕར་སྣོན་ལ་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་འཕར་སྣོན་ལ་བབ་བསྟུན་རང་བཞིན་དང་རྒྱུན་མཐུད་རང་བཞིན་སྔར་ལས་ལྡན་དུ་འཇུག་པར་ཕན་ཐོགས་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།