ཀྲུང་གོ་བོད་ཀྱི་དྲ་བ།

སེ་ར་ལེ་ཨང་ནས་སྣུམ་འདྲུད་རླངས་འཁོར་ཞིག་འགས་གཏོར་བྱུང་སྟེ་མི་བརྒྱ་ལྷག་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-11-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

འདི་ནི་སེ་ར་ལེ་ཨང་རྒྱལ་ཁབ་གནོད་འཚེ་དོ་དམ་ཅུའུ་ཡིས་ཟླ་བཅུ་གཅིག་པའི་ཚེས་དྲུག་ཉིན་སྤེལ་བའི་ཧྥོ་ལི་ཏོན་གྲོང་ཁྱེར་གྱི་སྣུམ་འདྲུད་རླངས་འཁོར་འགས་གཏོར་བྱུང་སའི་ཡུལ་དངོས་ཀྱི་རྣམ་པ་རེད། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སེ་ར་ལེ་ཨང་གི་ཉེན་རྟོག་ཕྱོགས་ཀྱིས་ཚེས་དྲུག་ཉིན་བཤད་རྒྱུར། རྒྱལ་ས་ཧྥོ་ལི་ཏོན་གྲོང་ཁྱེར་དུ་ཚེས་ལྔ་ཉིན་སྣུམ་འདྲུད་རླངས་འཁོར་ཞིག་འགས་གཏོར་བྱུང་སྟེ། མི་བརྒྱ་ལྷག་རྐྱེན་ལམ་དུ་ཤོར་བ་དང་། མི་མང་བོར་རྨས་ཕོག་ཡོད་ཟེར། 

ཡུལ་དངོས་ཀྱི་གནས་ཚུལ་དངོས་སུ་མཐོང་མཁན་གྱིས་བཤད་རྒྱུར། ཚེས་ལྔ་ཉིན་གྱི་དགོང་མོར་སྣུམ་འདྲུད་རླངས་འཁོར་ཞིག་ཧྥོ་ལི་ཏོན་གྲོང་ཁྱེར་ཤར་ཁུལ་ནས་དངོས་སྐྱེལ་རླངས་འཁོར་ཞིག་དང་ཐོ་བརྒྱབ་རྗེས་རྡོ་སྣུམ་ཕྱིར་བཞུར་བ་དང་། ཉེ་འདབས་ཀྱི་སྡོད་དམངས་དག་གིས་རྡོ་སྣུམ་འཕྲོག་རྩོད་བྱས། དེའི་རྗེས་སུ་སྣུམ་འདྲུད་རླངས་འཁོར་དེ་གློ་བུར་དུ་འགས་གཏོར་བྱུང་སྟེ་ཡུལ་དངོས་ཀྱི་མི་མང་བོར་ཤི་རྨས་བཟོས་ཡོད་ཟེར། 

ས་དེའི་སྨན་ཁང་ཆེན་མོ་ཞིག་གི་ལས་བཟོ་བས་མཚམས་སྦྱོར་བྱས་པ་ལྟར་ན། ཁོ་ཚོས་འདས་པོའི་བེམ་པོ་གོ་ལྔ་དང་ལེན་བྱས་ཡོད་ཟེར། དེ་ལས་གཞན་ཧྥོ་ལི་ཏོན་གྲོང་ཁྱེར་གྱི་སྨན་ཁང་ཆེན་མོ་སོ་སོས་བསྡུ་ལེན་བྱས་པའི་རྨས་མ་དག་གི་རྨས་སྐྱོན་ཚབས་ཆེན་ཡིན་པས། ཚོད་དཔག་བྱས་ན་འདས་པོའི་ཁ་གྲངས་སྔར་ལས་ཇེ་མང་དུ་འགྲོ་སྲིད། 

ཉེན་རྟོག་ཕྱོགས་ཀྱིས་དོན་རྐྱེན་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་པའི་ཚུལ་བསྟན། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།