ཀྲུང་གོ་བོད་ཀྱི་དྲ་བ།

ཕུའུ་ཐའོ་ཡཱའི་ཙུང་ཐུང་གིས་གྲོས་ཁང་གཏོར་ནས་འདེམ་བསྐོའི་བྱ་འགུལ་ཆེན་མོ་སྤེལ་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-11-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕུའུ་ཐའོ་ཡཱའི་ཙུང་ཐུང་ཏི་སོ་སཱ་ཡིས་ཚེས་བཞི་ཉིན་གྱི་དགོང་མོར་རྒྱལ་ཡོངས་བརྙན་འཕྲིན་གཏམ་བཤད་སྤེལ་ཏེ། ཉིས་སྟོང་ཉེར་གཉིས་ལོའི་ཟླ་དང་པོའི་ཚེས་སུམ་ཅུ་ཉིན་གྲོས་ཁང་དངོས་སུ་གཏོར་ནས་འདེམ་བསྐོའི་བྱ་འགུལ་ཆེན་པོ་སྤེལ་ནས། ད་ལྟའི་སྲིད་གཞུང་གི་ཉིས་སྟོང་ཉེར་གཉིས་ལོའི་སྔོན་རྩིས་འཆར་ཟིན་ལ་གྲོས་འཆམ་མ་བྱུང་བ་ལས་བྱུང་བའི་ཆབ་སྲིད་ཉམས་ཉེན་ཐག་གཅོད་བྱེད་རྒྱུ་ཁྱབ་སྒྲོག་བྱས། 

ཏི་སོ་སཱ་ཡིས་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་གྱིས་བསྟུད་མར་མ་དངུལ་དངོས་འབེབབ་བྱས་པ་དང་། རིམས་ནད་རྗེས་ཀྱི་དཔལ་འབྱོར་སླར་གསོའི་འཆར་གཞི་མི་འགྱངས་པར་མགོ་རྩོམ་ལ་ཉེ་བའི་སྐབས་འདིར། སྲིད་གཞུང་གི་སྔོན་རྩིས་འཆར་ཟིན་ལ་གྲོས་འཆམ་མ་བྱུང་བ་དེ་ལས་སྲིད་གཞུང་གི་སྲིད་འཛིན་རྨང་གཞིར་གཏོར་བརླག་ཐེབས་པ་གསལ་བཤད་བྱེད་ཐུབ་པས། གྲོས་ཁང་གཏོར་ནས་སྔ་སྣུར་གྱིས་འདེམ་བསྐོའི་བྱ་འགུལ་ཆེན་མོ་སྤེལ་བ་ལས་གདམ་གསེས་གཞན་པ་ཅི་ཡང་མེད་ཟེར། 

ཡོ་རོབ་གླིང་མནའ་བྲེལ་ཨུ་ཡོན་ལྷན་ཁང་གིས་ཟླ་དྲུག་པར་ཕུའུ་ཐའོ་ཡཱའི་དཔལ་འབྱོར་སླར་གསོའི་འཆར་གཞིར་ཆོག་མཆན་བཀོད་ཡོད་ཅིང་། དེར་འབྲེལ་མ་དངུལ་གྱི་འབོར་གྲངས་ཡོ་སྒོར་ཐེར་ཆེན་གཅིག་དང་ཐེར་འབུམ་དྲུག་དུང་ཕྱུར་དྲུག་ཡིན། དེའི་ནང་ཡོ་སྒོར་ཐེར་ཆེན་གཅིག་དང་ཐེར་འབུམ་གསུམ་དུང་ཕྱུར་དགུ་ནི་ཡོ་རོབ་གླིང་མནའ་འབྲེལ་གྱིས་འདོན་སྤྲོད་བྱས་པའི་མ་དངུལ་ཡིན་ལ། སྐོར་ཐེངས་དང་པོའི་མ་དངུལ་དེ་ཟླ་བདུན་པར་དོན་འཁྱོལ་བྱས་ཡོད་པ་རེད། 

པྲོག་གསར་གློ་ཚད་རིམས་ནད་ལས་བྱུང་བའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཉམས་ཉེན་དབང་གིས་ཕུའུ་ཐའོ་ཡཱའི་ཙུང་ལི་ཁི་སི་ཐཱ་ཡིས་མགོ་ཁྲིད་པའི་སྤྱི་ཚོགས་ཏང་དང་མནའ་མཐུན་གྲོགས་པོའི་བར་ངལ་རྩོལ་པའི་ཁེ་དབང་དང་ཆེས་དམའ་བའི་ཟླ་ཕོགས། སྤྱི་ཚོགས་ཕན་བདེ་སོགས་གནད་དོན་ཐད་འགལ་བ་ཚབས་ཆེན་བྱུང་ཡོད་སྟབས། མཇུག་མཐར་སྲིད་འཛིན་ཏང་གིས་བཏོན་པའི་ཉིས་སྟོང་ཉེར་གཉིས་ལོའི་སྔོན་རྩིས་འཆར་ཟིན་ལ་ཟླ་བཅུ་བའི་ཚེས་ཉེར་བདུན་ཉིན་གྱི་གྲོས་ཚོགས་ནས་བརྡས་ཐག་གཅོད་སྐབས་གྲོས་འཆམ་མ་བྱུང་བ་རེད། ཁི་སི་ཐཱ་ཡིས་དེའི་སྔོན་བསྟན་དོན སྔོན་རྩིས་འཆར་ཟིན་ལ་ཆོག་མཆན་མ་ཐོབ་ཀྱང་ཁོས་ལས་ཁུར་དགོངས་ཞུ་བྱེད་མི་སྲིད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།