ཀྲུང་གོ་བོད་ཀྱི་དྲ་བ།

ཨོ་སི་ཁྲུ་ལི་ཡཱའི་ཁྲིམས་དཔོན་ཁྲ་ཨར་སི་བོ་སི་རྒྱལ་སྤྱིའི་ཁྲིམས་ཁང་གི་ཁྲིམས་དཔོན་དུ་བདམས་ཐོན་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-11-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་ལྔ་ཉིན་ཨོ་སི་ཁྲུ་ལི་ཡཱ་ནས་ཡོང་བའི་ཁྲིམས་དཔོན་ཁྲ་ཨར་སི་བོ་སི་ལ་རྒྱལ་སྤྱིའི་ཁྲིམས་ཁང་གི་ཁྲིམས་དཔོན་གྱི་འགན་ཁུར་དུ་བཅུག 

ཁྲ་ཨར་སི་བོ་སི་ལ་ཉིན་དེར་འདེམ་ཤོག་མང་ཆེ་བ་ཐོབ་ནས་བདམས་ཐོན་བྱུང་བ་དང་། རྒྱལ་སྤྱིའི་ཁྲིམས་ཁང་གི་ལོ་རྒྱུས་སྟེང་གི་བུད་མེད་ཁྲིམས་དཔོན་ཨང་ལྔ་བར་གྱུར། ཁོ་མོས་ད་ལོའི་ཟླ་ལྔ་བར་སྐུ་གཤེགས་པའི་ཨོ་སི་ཁྲུ་ལི་ཡཱ་ནས་ཡིན་པའི་རྒྱལ་སྤྱིའི་ཁྲིམས་ཁང་གི་ཁྲིམས་དཔོན་ཀྲན་མུའུ་སི་ཁི་ལའོ་ཧྥུའུ་ཏིའི་ཚབ་ཏུ་ལས་འགན་ཁུར་རྒྱུ་རེད། འགན་ཡུན་ལོ་དགུ་རེད། ཁྲ་ཨར་སི་བོ་སི་ནི་མིང་གྲགས་ཆེ་བའི་རྒྱལ་སྤྱིའི་བཅའ་ཁྲིམས་རིག་པའི་མཁས་པ་ཞིག་ཡིན་ཞིང་། སྔོན་ཆད་རྒྱལ་སྤྱིའི་ཁྲིམས་ཁང་གི་ཁྲིམས་གཅོད་གཉིས་ཀྱི་ནང་ཆེད་ཞུས་ཁྲིམས་དཔོན་གྱི་འགན་ཁུར་མྱོང་། 

རྒྱལ་སྤྱིའི་ཁྲིམས་ཁང་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་འཛིན་ལས་ཁུངས་གཙོ་བོ་ཡིན་པ་དང་། ཧི་ལན་གྱི་ཧེ་ཡཱ་རུ་བཙུགས་ཡོད། གཅིག་སྟོང་དགུ་བརྒྱ་ཞེ་དྲུག་ལོར་དངོས་སུ་འཁོར་སྐྱོད་བྱེད་མགོ་བརྩམས་པ་དང་། རྒྱལ་ཁབ་སོ་སོའི་རྒྱལ་ཁབ་བར་གྱི་རྩོད་གླེང་ཐད་ནས་ཁྲིམས་ཁང་ལ་བཏོན་པའི་ཞུ་གཏུག་གྱོད་དོན་ལ་གྲོས་ཞིབ་ཐག་གཅོད་བྱེད་པའི་འགན་ཁུར་ལ། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་སོགས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་ཀྱིས་སྤྲད་པའི་བཅའ་ཁྲིམས་གནད་དོན་ལ་བློ་འདྲིའི་བསམ་འཆར་བཏོན་ཆོག་པ་རེད། 

རྒྱལ་སྤྱིའི་བཅའ་ཁྲིམས་དེ་རྒྱལ་ཁབ་མི་འདྲ་བའི་ཁྲིམས་དཔོན་བཅོ་ལྔས་གྲུབ་ཡོད་པ་དང་། ཁྲིམས་དཔོན་གྱི་འགན་ཡུན་ལོ་དགུ་རེད། ལོ་གསུམ་གྱི་ནང་སུམ་ཆའི་གཅིག་བཅོས་སྒྲིག་འདེམ་བསྐོ་བྱེད་པ་དང་། ཁྲིམས་དཔོན་གྱིས་བསྟུད་འགན་ཁུར་ཆོག འདེམ་སྒུག་མི་སྣར་ངེས་པར་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ནས་འདེམ་ཤོག་མང་ཆེ་བའི་རྒྱབ་སྐྱོར་ཐོབ་ན་ད་གཟོད་བདམས་ཆོག་པ་ཡིན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།