ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཨ་ཧྥེ་རི་ཁ་དབུས་མའི་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་སྐུ་སྲུང་རུ་ཁག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོང་མི་སྣར་འཇབ་རྒོལ་བྱས་པར་རྒོལ་གཏམ་དྲག་པོ་བཏང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-11-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ11པའི་ཚེས2ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཉེ་སྔོན་ཨ་ཧྥེ་རི་ཁ་དབུས་མའི་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་སྐུ་སྲུང་རུ་ཁག་གིས་མཉམ་འབྲེལ་རྒྱལ་ཚོགས་ཨ་ཧྥེ་རི་ཁ་དབུས་མའི་སྤྱི་མཐུན་རྒྱལ་ཁབ་ཀྱི་རིམ་མང་ཕྱོགས་བསྡུས་བརྟན་སྲུང་ཚོགས་པའི་བདེ་སྲུང་མི་སྣར་འཇབ་རྒོལ་བྱས་པར་རྒོལ་གཏམ་དྲག་པོ་བཏང་། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མགྲིན་ཚབ་པ་གཞོན་པ་ཧྥ་འར་ཧན·ཧ་ཁི་ཡིས་ཉིན་དེའི་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུའི་སྟེང་། ཨ་ཧྥེ་རི་ཁ་དབུས་མའི་སྤྱི་མཐུན་རྒྱལ་ཁབ་གྱི་རིམ་མང་ཕྱོགས་བསྡུས་བརྟན་སྲུང་ཚོགས་པས་མཉམ་འབྲེལ་རྒྱལ་ཚོགས་རྨོག་སྔོན་དམག་དཔུང་ལ་འཇབ་རྒོལ་བྱས་པར་རྒོལ་གཏམ་དྲག་པོ་བཏང་། 

ཧ་ཁི་ཡིས་ངོ་སྤྲོད་བྱས་པ་ལྟར་ན། ཨེ་ཅིབ་ནས་ཡིན་པའི་དུས་བཀག་བརྗེ་རེས་ནང་ཞུགས་མཁན་གྱི་ཞི་བདེ་སྲུང་སྐྱོང་ཉེན་རྟོག་པ་ཁག་གཅིག་ཚེས1ཉིན་ཨ་ཧྥེ་རི་ཁ་དབུས་མའི་རྒྱལ་ས་པན་ཅི་ལ་འབྱོར་བ་རེད། ཁོ་ཚོས་ཞི་བདེ་སྲུང་སྐྱོང་སྒར་ས་རུ་སྐྱོད་པའི་ལམ་བར་དུ་ཨ་ཧྥེ་རི་ཁ་དབུས་མའི་སྲིད་འཛིན་སྐུ་སྲུང་རུ་ཁག་གིས་འཇབ་རྒོལ་ཐེབས་ཏེ་མི10ལྷག་ལ་རྨས་སྐྱོན་ཐེབས་ཤིང་། དེའི་ཁྲོད་མི་གཉིས་ལ་རྨས་ལྗིད་མོ་ཕོག ཞི་བདེ་སྲུང་སྐྱོང་ཉེན་རྟོག་པ་རྣམས་ལ་ཐ་ཚིག་ཅི་ཡང་བསྒྲགས་མེད་པའི་གནས་ཚུལ་འོག་འཇབ་རྒོལ་ཐེབས་པ་རེད། 

ཧ་ཁི་ཡིས་བཤད་རྒྱུར། དོན་རྐྱེན་བྱུང་རྗེས་ཨ་ཧྥེ་རི་ཁ་དབུས་མའི་བརྟན་བརླིང་ཚོགས་པ་དང་ཨ་ཧྥེ་རི་ཁ་དབུས་མའི་སྲིད་གཞུང་གཉིས་ཀྱིས་མྱུར་དུ་གླེང་མོལ་བྱས་ཤིང་། ཐེངས་འདིའི་འཇབ་རྒོལ་དང་འབྲེལ་བའི་དོན་རྐྱེན་ལ་བརྟག་དཔྱད་བྱེད་བཞིན་ཡོད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།