ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུ་ཧན་རྒྱལ་སའི་སྨན་ཁང་ཞིག་གི་ཉེ་འགྲམ་དུ་གས་གཏོར་དོན་རྐྱེན་བྱུང་ནས་མི་བཅུ་ཕྲག་འགའ་ཤི་རྨས་བྱུང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-11-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ11པའི་ཚེས2ཉིན། ཨ་ཧྥུ་ཧན་ཐཱ་ལི་པན་གྱི་དཔོན་རིགས་ཀྱིས་བཤད་རྒྱུར། ཨ་ཧྥུ་ཧན་གྱི་རྒྱལ་ས་ཁ་པུ་འར་གྱི་དམག་མིའི་སྨན་ཁང་ཞིག་གི་ཉེ་འགྲམ་དུ་ཉིན་དེར་གས་གཏོར་དོན་རྐྱེན་བྱུང་། ཨ་ཧྥུ་ཧན་གསར་འགྱུར་སྨྱན་བྱད་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཐེངས་འདིའི་གས་གཏོར་ཁྲོད་ཉུང་མཐར་ཡང་མི15རྐྱེན་ལམ་དུ་ཤོར་ཞིང་། མི་བཅུ་ཕྲག་འགའ་ལ་རྨས་སྐྱོན་ཐེབས་ཡོད་པ་རེད། 

ཨ་ཧྥུ་ཧན་གནས་སྐབས་སྲིད་གཞུང་གི་ནང་སྲིད་པུའུ་ཡི་མགྲིན་ཚབ་པ་སའེ་དབྱི་ཏི·ཧུའུ་སི་ཐི་ཡིས་གསར་འགོད་པར། ས་དེའི་ཚེས2ཉིན་གྱི་ཕྱི་དྲོའི་དུས་ཚོད1ཡས་མས་སུ། ཁ་པུ་འར་གྱི་དམག་མིའི་སྨན་ཁང་ཞིག་གི་ཉེ་འགྲམ་དུ་གས་གཏོར་དོན་རྐྱེན་བྱུང་བ་མ་ཟད། མེ་མདའ་བརྒྱབ་པའི་སྒྲ་གྲགས་ཡོང་ཟེར། ཁོང་གིས་ཤི་རྨས་ཀྱི་གནས་ཚུལ་ཅི་ཡང་མ་བསྒྲགས། 

ཨ་ཧྥུ་ཧན་བརྙན་འཕྲིན་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཐེངས་འདིའི་གས་གཏོར་ལས་ཉུང་མཐར་ཡང་ཐཱ་ལི་པན་གྱི་བདེ་འཇགས་མི་སྣ15ལྷག་གི་ཚེ་སྲོག་ཤོར་ཞིང་མི་བཅུ་ཕྲག་འགའ་ལ་རྨས་ཕོག མིང་བཤད་འདོད་མེད་པའི་གས་གཏོར་མཐོང་མཁན་ཞིག་གིས་ཤི་རྨས་ཐེབས་ཚད་གསར་འགྱུར་སྨྱན་བྱད་ཀྱིས་བསྒྲགས་པའི་གྲངས་ཀ་ལས་མང་བ་རེད་ཟེར། 

པར་འདི་ནི་ཟླ11པའི་ཚེས2ཉིན་ཨ་ཧྥུ་ཧན་གྱི་རྒྱལ་ས་ཁ་པུ་འར་གྱི་དམག་མིའི་སྨན་ཁང་ཞིག་གི་ཉེ་འགྲམ་དུ་བྱུང་བའི་གས་གཏོར་དོན་རྐྱེན་ལས་ཆག་སྐྱོན་ཤོར་བའི་རླངས་འཁོར་ཞིག་རེད།

ཐཱ་ལི་པན་གྱི་དཔོན་རིགས་ཧཱ་པི་པུའུ་ལ·ཅ་མན་ལི་ཡིས་གསར་འགོད་པར། རང་ལྕེབ་འཇབ་རྒོལ་པ6གིས་ལུས་སྟེང་གི་འབར་མདེལ་ལ་མེ་སྒྲོན་ནས་སྨན་ཁང་ལ་འཇབ་རྒོལ་བྱས་པ་རེད་ཟེར།

དམག་གི་སྨན་ཁང་དེ་ནི་ཁཱ་པུ་འར་གྲོང་ཁྱེར་གྱི་ཉེན་རྟོག་པའི་ས་ཁུལ་ཨང10པར་གནས་ཤིང་། མལ་ཁྲི400ལྷག་ཡོད་ལ་ཨ་ཧྥུ་ཧན་གྱི་དམག་མིའི་སྨན་ཁང་ཆེས་ཆེ་གྲས་ཡིན་པས། ཨ་ཧྥུ་ཧན་གྱི་དམག་མི་དང་ཁྱིམ་མི་ལ་སྨན་བཅོས་ཞབས་ཕྱི་སྒྲུབ་བཞིན་ཡོད། 

མིག་སྔར། རྩ་འཛུགས་གང་གིས་ཀྱང་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པའི་གསལ་བསྒྲགས་ཅི་ཡང་སྤེལ་མེད་པ་རེད།

ཉེ་དུས། ཨ་ཧྥུ་ཧན་དུ་འཇིགས་སྐུལ་འཇབ་རྒོལ་གྱི་དོན་རྐྱེན་ཐེངས་མང་བྱུང་བ་རེད། ཟླ10བའི་ཚེས8ཉིན། ཨ་ཧྥུ་ཧན་བྱང་རྒྱུད་ཀྱི་ཁུན་ཏུའུ་ཐུའུ་ཞིང་ཆེན་ཁུན་ཏུའུ་ཐུའུ་གྲོང་ཁྱེར་གྱི་དབྱི་སི་ལན་ཆོས་ཁང་ཞིག་ལ་འཇབ་རྒོལ་ཐེབས་ཏེ་མི50ལྷག་རྐྱེན་ལམ་དུ་ཤོར་ཞིང་། མི་བརྒྱ་ལྷག་ལ་རྨས་སྐྱོན་ཐེབས། ཟླ10བའི་ཚེས15ཉིན། ཨ་ཧྥུ་ཧན་ལྷོ་རྒྱུད་ཀྱི་ཁན་ཏ་ཧ་ཞིང་ཆེན་ཁན་ཏ་ཧ་གྲོང་ཁྱེར་གྱི་དབྱི་སི་ལན་ཆོས་ཁང་ཞིག་ལའང་འཇབ་རྒོལ་ཐེབས་ཏེ་ཉུང་མཐར་ཡང་མི47རྐྱེན་ལམ་དུ་ཤོར་ཞིང་། མི90ལྷག་ལ་རྨས་སྐྱོན་ཐེབས། དེ་སྔོན་གྱི་དོན་རྐྱེན་དེ་གཉིས“དབྱི་སི་ལན་རྒྱལ་ཁབ་ཀྱི་ཧོ་རོ་ཧྲན”ཐལ་དྲགས་རྩ་འཛུགས་ཀྱིས་བཟོས་བ་ཡིན་ཞེས་གསལ་བསྒྲགས་སྤེལ་ཡོད་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།