ཀྲུང་གོ་བོད་ཀྱི་དྲ་བ།

ཡེ་མིན་གྱི་དབྱི་སི་ལན་ཆོས་ཁང་ཞིག་ལ་འཕུར་མདས་འཇབ་རྒོལ་ཐེབས་པས་ཉུང་མཐར་ཡང་མི25རྐྱེན་ལམ་དུ་ཤོར་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-11-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡཱ་ཏིང་ནས་བསྒྲགས་པའི་གསར་འགྱུར་ལྟར་ན། ཟླ11པའི་ཚེས1ཉིན། ཡེ་མིན་སྲིད་གཞུང་གི་དཔོན་རིགས་ཀྱིས་བཤད་པ་ལྟར་ན། ཡེ་མིན་ཧུའུ་སའེ་དྲག་ཆས་ཀྱིས་ཟླ10བའི་ཚེས31ཉིན་གྱི་དགུང་མོར་རྒྱལ་ཁབ་དེའི་དབུས་རྒྱུད་ཀྱི་མཱ་ལི་ཕུའུ་ཞིང་ཆེན་གྱི་དབྱི་སི་ལན་ཆོས་ཁང་ཞིག་ལ་འཕུར་མདས་འཇབ་རྒོལ་ཐེབས་པས་ཉུང་མཐར་ཡང་མི25རྐྱེན་ལམ་དུ་ཤོར་བ་དང་མི10ལ་རྨས་སྐྱོན་ཐེབས། 

མིང་གསལ་བོ་བཤད་འདོད་མེད་པའི་དཔོན་པོ་འདིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། འཇབ་རྒོལ་ཐེབས་སྐབས་དབྱི་སི་ལན་ཆོས་ཁང་ནང་དུ་ཆོས་ལུགས་ཀྱི་བྱ་འགུལ་སྤེལ་བཞིན་པའི་སྒང་ཡིན་སྟབས་རྐྱེན་ལམ་དུ་ཤོར་མཁན་ནང་བྱིས་པའང་འདུས་ཡོད་པ་རེད། 

ཧུའུ་སའེ་དྲག་ཆས་ཀྱིས་ཐེངས་འདིའི་དོན་རྐྱེན་ཐད་ལ་ཨ་ལན་ཅི་ཡང་སློག་མེད་པ་རེད།

མཱ་ལི་ཕུའུ་ཞིང་ཆེན་ནི་ཡེ་མིན་རྒྱལ་ཁབ་ཀྱི་རྡོ་སྣུམ་ཐོན་ཁུངས་གཙོ་གྲས་དང་རྒྱལ་ཁབ་མང་པོའི་མཉམ་འབྲེལ་དམག་གི་བཀོད་འདོམ་བྱེད་ས་རེད། ཉེ་བའི་ཟླ་ཤས་ནང་ཡེ་མིན་སྲིད་གཞུང་དམག་དང་ཧུའུ་སའེ་དྲག་ཆས་པ་གཉིས་ཞིང་ཆེན་འདི་རུ་ཐེངས་མང་པོར་ཛ་དྲག་ཆེ་བའི་དམག་འཐབ་བྱས་པས་མི4000ལྷག་རྐྱེན་ལམ་དུ་ཤོར་བ་དང་མི་ཁྲི་ལྷག་ལ་རྨས་སྐྱོན་ཐེབས། 

 2014ལོའི་ཟླ9བར་ཧུའུ་སའེ་དྲག་ཆས་པས་ཡེ་མིན་རྒྱལ་ས་སཱ་ན་བླངས་རྗེས་ནུབ་ཕྱོགས་ས་ཁུལ་ཡང་བཙན་བཟུང་བྱས། 2015ལོའི་ཟླ3པར་སོ་ཏི་ཨ་རབ་སོགས་ཀྱིས་ཧུའུ་སའེ་དྲག་ཆས་པར“འཕྲལ་ཐག་ཆོད་པའི་རླུང་འཚུབ”ཞེས་པའི་དམག་དོན་བྱ་འགུལ་སྤེལ། 2018ལོའི་ཟླ12པར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བར་འདུམ་འོག་དམག་འཁྲུགས་མཚམས་འཇོག་རྒྱུ་དང་བཟུང་དམག་ཕྱིར་གཏོང་བར་གྲོས་འཆམ་བྱུང་། ཡིན་ནའང་ཅང་མ་འགོར་བར་ཕན་ཚུན་བར་དམག་འཁྲུགས་མཚམས་འཇོག་པའི་གྲོས་མཐུན་ལ་གཏོར་བརླག་བྱས་པར་སྐྱོན་འཛུགས་གནང་རེས་བྱས་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།