ཀྲུང་གོ་བོད་ཀྱི་དྲ་བ།

སུའུ་ཏན་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་དམག་སྤྱི་ཡིས་ཕྱི་རྒྱལ་དུ་སྡོད་པའི་གཞུང་ཚབ་ཆེན་མོ་དྲུག་གི་ལས་འགན་བླངས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-10-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སུའུ་ཏན་གསར་འགྱུར་ལས་རིགས་ཀྱིས་ཚེས་ཉེར་བརྒྱད་ཉིན་བསྒྲགས་པ་ལྟར་ན། སུའུ་ཏན་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་དམག་སྤྱི་པུའུ་ཨར་ཧན་གྱིས་ཕྱི་རྒྱལ་དུ་སྡོད་པའི་གཞུང་ཚབ་ཆེན་མོ་དྲུག་གི་ལས་འགན་བླངས་ཟེར། 

བསྒྲགས་པ་ལྟར་ན། པུའུ་ཨར་ཧན་གྱིས་ཚེས་ཉེར་བདུན་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རི་ནེ་ཝའི་དོན་གཅོད་ཁང་དང་། ཡོ་རོབ་གླིང་མནའ་འབྲེལ། ཨ་མེ་རི་ཁ། ཧྥ་རན་སི། ཀྲུང་གོ། ཁ་ཐཱར་བཅས་རྒྱལ་སྤྱིའི་རྩ་འཛུགས་དང་རྒྱལ་ཁབ་ཏུ་སྡོད་པའི་གཞུང་ཚབ་ཆེན་མོའི་ལས་འགན་བླངས་པ་རེད། རྒྱུ་མཚན་ནི་ཁོ་ཚོས་སུའུ་ཏན་བར་བརྒལ་སྲིད་གཞུང་གི་ཙུང་ལི་ཧཱ་མུའུ་ཏུའུ་ཁི་ལ་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན་པས་རེད། 

སུའུ་ཏན་སྲིད་དབང་ལ་ཉེ་སྔོན་འགལ་བ་ཚབས་ཆེན་བྱུང་ཡོད། དམག་ཕྱོགས་ཀྱི་མགོ་ཁྲིད་པས་སྲིད་གཞུང་བཅོས་སྒྲིག་བྱེད་པའི་རེ་བ་བཏོན་ཡང་། སྲིད་གཞུང་གི་དཔོན་རིགས་སྐོར་ཞིག་གིས་དམག་ཕྱོགས་ཀྱིས་སྲིད་དབང་འཕྲོག་རྩིས་བྱས་པར་སྐྱོན་འཛུགས་བྱས། ཟླ་འདིའི་ཚེས་ཉེར་ལྔ་ཉིན། པུའུ་ཨར་ཧན་གྱིས་རྒྱལ་ཁབ་ཀྱིས་དོགས་ཟོན་མཐོར་འདེགས་བྱེད་དགོས་པ་དང་། བདག་དབང་ཨུ་ཡོན་ལྷན་ཁང་དང་བར་བརྒལ་སྲིད་གཞུང་གཏོར་རྒྱུ་མ་ཟད། མངའ་སྡེའི་མགོ་བ་ཚང་མའི་ལས་འགན་ལེན་རྒྱུ་ཁྱབ་བསྒྲགས་བྱས། སུའུ་ཏན་བར་བརྒལ་སྲིད་གཞུང་གི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཧཱ་མུའུ་ཏུའུ་ཁི་རྒྱལ་ས་ཁཱ་ཐུའུ་མུའུ་རུ་ཡོད་པའི་སྡོད་གནས་ནས་བཙན་ཁྲིད་བྱས་ཟེར། ཚེས་ཉེར་དྲུག་ཉིན་གྱི་དགོང་མོར་ཧཱ་མུའུ་ཏུའུ་ཁི་དང་ཁོའི་ལྕམ་མོ་ཕྱིར་རང་ཁྱིམ་དུ་ལོག་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།