ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱིས་རིམས་ནད་རྗེས་ཀྱི་དཔལ་འབྱོར་སླར་གསོ་དང་ཐུན་མོང་ཚོགས་པའི་འཛུགས་སྐྲུན་ལ་འབད་འབུངས་བྱེད་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-10-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བརྙན་རིས་ཀྱི་རྣམ་པས་སྤེལ་བའི་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས་ཐེངས་སོ་བརྒྱད་པ་དང་སོ་དགུ་པ་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཝུན་ལའེ་ཡི་མགོ་འཛིན་འོག་གྲོལ། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་དག་གིས་ཚོགས་ཐོག་ནས་བསྟན་དོན། མུ་མཐུད་དུ་རིས་ནད་རྗེས་ཀྱི་ས་ཁོངས་དཔལ་འབྱོར་སླར་གསོ་མངོན་འགྱུར་བྱས་ཏེ་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཐུན་མོང་ཚོགས་པའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར། 

ཝུན་ལའེ་ཡི་མགོ་ཁྲིད་པ་ཧཱ་སིང་ནཱ་ཨར་གྱིས་གྲོས་ཚོགས་གྲོལ་བའི་མཛད་སྒོའི་སྟེང་བསྟན་དོན། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་དག་གིས་མིག་སྔའི་ས་ཁུལ་དང་རྒྱལ་སྤྱིའི་གནས་བབ། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་མ་འོངས་པའི་འཕེལ་རྒྱས་ཁ་ཕྱོགས་བཅས་ཀྱི་ཐད་ནས་ཕན་ནུས་ལྡན་པའི་གྲོས་མོལ་བྱས་ཤིང་། ཀྲུང་གོ་དང་འཇར་པན། ཧན་གོ་སོགས་གྲོས་མོལ་རྒྱལ་ཁབ་བར་གྱི་ཁྱབ་ཁོངས་སོ་སོའི་འབྲེལ་བར་ཤུགས་སྣོན་པའི་ཐབས་ལམ་ལ་གྲོས་བསྡུར་བྱས་པ་དང་། འགོག་སྨན་མཁོ་འདོན་ལ་འགན་སྲུང་བྱས་ཏེ་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱེད་པ་དང་ཧུར་ཐག་སྒོས་རིམས་ནད་རྗེས་ཀྱི་ས་ཁོངས་དཔལ་འབྱོར་སླར་གསོ་མངོན་འགྱུར་བྱེད་པར་འབད་བརྩོན་བྱེད་རྒྱུ་ཐག་བཅད། ཧཱ་སིང་ནཱ་ཨར་གྱིས་བསྟན་དོན། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཐུན་མོང་ཚོགས་པའི་འཛུགས་སྐྲུན་ལ་གྲུབ་འབྲས་ཐོབ་བཞིན་ཡོད་པ་དང་། ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱེད་པ་དེ་མ་འོངས་པའི་ཐུན་མོང་ཚོགས་པའི་འཛུགས་སྐྲུན་ལ་མཚོན་ན་གལ་འགངས་ཧ་ཅང་ཆེ་ཟེར། 

ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཀྲུའུ་ཞིའི་གསལ་སྒྲོག་ཅིག་ལས་བསྟན་དོན། རིམས་ནད་ཀྱི་ཤུགས་རྐྱེན་ཚབས་ཆེན་ཐེབས་པའི་གནས་སྐོར་ལས་རིགས་དེ་ས་ཁུལ་རང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་མཚོན་ན་གལ་འགངས་ཧ་ཅང་ཆེ། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱིས་ས་ཁོངས་དང་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་བསྣན་ཏེ། གནས་སྐོར་ལས་རིགས་བདེ་འཇགས་ངང་སླར་གསོ་བྱེད་པར་འབད་འབུངས་བྱེད་རྒྱུ་ཡིན་ཟེར། གསལ་སྒྲོག་ལས་མུ་མཐུད་དུ་ཐུན་མོང་ཚོགས་པའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཐུན་མོང་འགྲན་རྩོད་ཐག་གཅོད་བྱས་ཏེ། ས་ཁོངས་ཀྱི་དཔལ་འབྱོར་ཕྱོགས་ཡོངས་ནས་སླར་གསོ་བྱེད་པར་ཡར་སྐུལ་གཏོང་རྒྱུ་ཡིན་ཟེར། 

ཧཱ་སིང་ནཱ་ཨར་གྱིས་གྲོས་ཚོགས་མཇུག་བསྡུ་བའི་མཛད་སྒོའི་སྟེང་བརྙན་རིས་ཀྱི་རྣམ་པས་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་ལས་འགན་དེ་ཁམ་ཕུ་ཀྲེ་ལ་བརྒྱུད་སྤྲོད་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།