ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་དང་ཨུ་རུ་སིའི་མཚོ་ཐོག་མཉམ་འབྲེལ་སྐོར་འགྲུལ་ཐོག་མ་བདེ་བླག་ངང་མཇུག་སྒྲིལ།

    སྤེལ་དུས། : 2021-10-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གོ་དང་ཨུ་རུ་སིའི་མཚོ་ཐོག་མཉམ་འབྲེལ་གྲུ་གཟིངས་རུ་ཁག་གིས་ཚེས་ཉེར་གསུམ་ཉིན་གྱི་ཕྱི་དྲོར་ཤར་ཕྱོགས་མཚོ་ཁོངས་ནས་འགྲུལ་ལམ་ཁ་ཁར་བྱེད་པའི་མཛད་སྒོ་སྤེལ། ཕྱོགས་གཉིས་ཀྱིས་རུ་དཔུང་བསྒྲིགས་ཏེ་དུས་ཡུན་ཉིན་བདུན་རིང་མཉམ་འབྲེལ་སྐོར་འགྲུལ་བྱས་རྗེས། འཆར་གཞི་ལྟར་འགྲུལ་ལམ་ཁ་ཁར་བྱས་ཏེ། ཀྲུང་གོ་དང་ཨུ་རུ་སིའི་མཚོ་ཐོག་མཉམ་འབྲེལ་སྐོར་འགྲུལ་ཐོག་མ་བདེ་བླག་ངང་མཇུག་སྒྲིལ། 

ཀྲུང་གོ་དང་ཨུ་རུ་སིའི་ཉིས་སྟོང་ཉེར་གཅིག་ལོའི་མཚོ་ཐོག་མཉམ་འབྲེལ་ཞེས་པའི་དམག་དོན་སྦྱོང་བརྡར་ཚེས་བཅུ་བཞི་ཉིན་ནས་ཚེས་བཅུ་བདུན་ཉིན་བར་ཨུ་རུ་སིའི་པིས་ཏི་བཙན་རྒྱལ་མཚོ་ཁུགས་ཉེ་འདབས་ཀྱི་མཚོ་ཁོངས་དང་མཁའ་ཁོངས་ནས་སྤེལ། དམག་དོན་སྦྱོང་བརྡར་མཇུག་སྒྲིལ་རྗེས་ཕྱོགས་གཉིས་ཀྱིས་མཉམ་འབྲེལ་གྲུ་གཟིངས་རུ་ཁག་བསྒྲིགས་ནས་མཚོ་ཐོག་མཉམ་འབྲེལ་སྐོར་འགྲུལ་ཐོག་མ་སྤེལ་མགོ་བརྩམས། ཀྲུང་གོ་དང་ཨུ་རུ་སིའི་མཉམ་འབྲེལ་གྲུ་གཟིངས་རུ་ཁག་དེ་པིས་ཏི་བཙན་རྒྱལ་མཚོ་ཁུགས་ནས་ལམ་དུ་ཆས་ཏེ། འཇར་པན་མཚོ་ཁོངས་འཕྲེད་ཀྱིས་བཅད་པ་དང་། ཅིན་ཆིན་མཚོ་འགག་བརྒྱུད་དེ་ཞི་བདེ་རྒྱ་མཚོ་ནུབ་མར་བསྐྱོད། ཏཱ་ཡུས་མཚོ་འགག་བརྒྱུད་རྗེས་མཚོ་ཤར་མཚོ་ཁོངས་སུ་བསླེབས་པ་རེད། 

ཐེངས་འདིའི་མཉམ་འབྲེལ་སྐོར་འགྲུལ་ལ་ཞུགས་མཁན་ལ་ཀྲུང་གོ་དང་ཨུ་རུ་སིའི་གྲུ་གཟིངས་མང་པོ་འདུས། མཉམ་འབྲེལ་སྐོར་འགྲུལ་བྱེད་པའི་སྐབས་སུ། ཀྲུང་གོ་དང་ཨུ་རུ་སི་ཕྱོགས་གཉིས་ཀྱིས་མཉམ་འབྲེལ་འགྲུལ་བཞུད་དང་མཉམ་འབྲེལ་སྒུལ་འཁོར། དོན་དངོས་བེད་སྤྱོད་མཚོན་ཆ་སོགས་རྣམ་གྲངས་ལ་སྦྱོང་བརྡར་བྱས། 

འགྲུལ་ལམ་ཁ་ཁར་བྱེད་པའི་མཛད་སྒོའི་ཡུལ་དངོས་སུ། ཀྲུང་གོ་དང་ཨུ་རུ་སི་ཕྱོགས་གཉིས་ཀྱི་མཉམ་འབྲེལ་གྲུ་གཟིངས་རུ་ཁག་དེ་ལོགས་གཉིས་སུ་དགར་ནས་ཁ་ཕྱོགས་གཅིག་ཏུ་བསྐྱོད། དམག་གྲུའི་སྟེང་དུ་བཀལ་བའི་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་རླུང་གིས་ལྷབ་ལྷུབ་བསྐྱོད། ཀྲུང་གོ་དང་ཨུ་རུ་སི་ཕྱོགས་གཉིས་ཀྱི་མཛུབ་སྟོན་པས་རླུང་འཕྲིན་བརྒྱུད་དེ་ཞུ་ཚིག་ཕུལ་པ་དང་། མཉམ་དུ་ཀྲུང་གོ་དང་ཨུ་རུ་སིའི་ཉིས་སྟོང་ཉེར་གཅིག་ལོའི་མཚོ་ཐོག་མཉམ་འབྲེལ་ཞེས་པའི་དམག་དོན་སྦྱོང་བརྡར་དང་མཚོ་ཐོག་མཉམ་འབྲེལ་སྐོར་འགྲུལ་བདེ་བླག་ངང་མཇུག་སྒྲིལ་བ་ཁྱབ་བསྒྲགས་བྱས། དེའི་རྗེས་སུ་ཕྱོགས་གཉིས་ཀྱི་གྲུ་གཟིངས་རུ་ཁག་གིས་སྐར་མ་གཅིག་རིང་དུང་བརྡ་བརྒྱབ་པ་དང་། ཀྲུང་གོ་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱི་མཚོ་དམག་གི་དཔོན་དམག་གིས་ལག་བརྡ་བརྒྱབ་ནས་གྱེས་ཕྱག་ཕུལ། 

འགྲུལ་ལམ་ཁ་ཁར་བྱེད་པའི་མཛད་སྒོ་མཇུག་སྒྲིལ་རྗེས། ཀྲུང་གོའི་གྲུ་གཟིངས་དག་སོ་སོར་རང་རང་གི་དམག་དོན་གྲུ་ཁར་ཕྱིར་ལོག 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།