ཀྲུང་གོ་བོད་ཀྱི་དྲ་བ།

སོ་མཱ་ལིའི་དབུས་ཕྱོགས་ས་ཁུལ་དུ་དྲག་ཆས་འཁྲུག་རྩོད་བྱུང་སྟེ་ཉུང་མཐར་ཡང་མི་ཉི་ཤུ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-10-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སོ་མཱ་ལིའི་དཔོན་རིགས་ཀྱིས་ཚེས་ཉེར་གསུམ་ཉིན་གྱི་དགོང་མོར་བདེན་དཔང་བྱས་དོན། སྲིད་གཞུང་དམག་དཔུང་གིས་རྒྱབ་སྐྱོར་བྱེད་པའི་ཅཱ་ལེ་མུའུ་ཏུའུ་ཀི་ས་གནས་དྲག་ཆས་པ་དང་མཁས་པའི་དད་ལྡན་པ་ཞེས་པའི་དྲག་ཆས་རྩ་འཛུགས་ཀྱིས་སོ་མཱ་ལིའི་དབུས་ཕྱོགས་ས་ཁུལ་ནས་དྲག་ཆས་འཁྲུག་རྩོད་བྱས་ཏེ། ཉུང་མཐར་ཡང་མི་ཉི་ཤུ་རྐྱེན་ལམ་དུ་ཤོར་བ་དང་། མི་བཞི་བཅུ་ལྷག་ལ་རྨས་ཕོག་ཡོད་ཟེར། 

ཅཱ་ལེ་མུའུ་ཏུའུ་ཀི་མངའ་སྡེའི་བརྡ་འཕྲིན་པུའུ་ཡི་པུའུ་ཀྲང་ཧྥ་ལཱ་ཀི་ལེ་ཡིས་གསར་འགོད་པར་བཤད་རྒྱུར། མཁས་པའི་དད་ལྡན་པ་ཞེས་པའི་དྲག་ཆས་རྩ་འཛུགས་ཀྱིས་ཚེས་ཉེར་གསུམ་ཉིན་གྱི་སྔ་དྲོར་སྲིད་གཞུང་དམག་དཔུང་དང་ས་གནས་དྲག་ཆས་རྩ་འཛུགས་ཀྱིས་གྲུབ་པའི་མཉམ་འབྲེལ་དམག་དཔུང་གི་ཅུའུ་ལི་ཨེ་ཨར་གྲོང་རྡལ་ཉེ་འདབས་སུ་ཡོད་པའི་སྡོད་གནས་ལ་འཇབ་རྒོལ་བྱས་པ་དང་། དེའི་རྗེས་སུ་འཁྲུག་རྩོད་དྲག་པོ་བྱུང་། 

ཧྥ་ལཱ་ཀི་ལེ་ཡིས་བཤད་རྒྱུར། འཁྲུག་རྩོད་དེ་ལས་སྲིད་གཞུང་གི་དམག་མི་གསུམ་དང་མི་སེར་དཀྱུས་མ་འགའ་རྐྱེན་ལམ་དུ་ཤོར་ཡོད། དེའི་འཕྲོའི་ཤི་རྨས་ཐེབས་པའི་མི་སྣ་ཚང་མ་དྲག་ཆས་རྩ་འཛུགས་ཀྱི་ཁོངས་མི་རེད། སྲིད་གཞུང་དམག་དཔུང་དང་ས་གནས་དྲག་ཆས་པས་ཡང་བསྐྱར་གྲོང་རྡལ་དེར་ཚོད་འཛིན་བྱས་ཡོད་པ་དང་། འཁྲུག་རྩོད་དབང་གིས་བྲོས་བྱོལ་བྱས་པའི་མི་རྣམས་མྱུར་དུ་ཕྱིར་ཁྱིམ་དུ་ལོག་པའི་རེ་བ་བཏོན། 

མིང་བཤད་མི་འདོད་པའི་གནས་ཚུལ་དངོས་སུ་མཐོང་མཁན་ཞིག་གིས་བཤད་རྒྱུར། མི་མང་ཆེ་བ་འཁྲུག་རྩོད་མ་བྱུང་གོང་གྲོང་རྡལ་དེ་དང་བྲལ་ནས་བྲོས་བྱོལ་བྱས་པ་དང་། མེ་སྒྱོགས་འགའ་ཁང་སྟོང་གི་དཀྱིལ་དུ་ལྷུང་ཡོད་ཟེར། གཞན་ཡང་གནས་ཚུལ་དངོས་སུ་མཐོང་མཁན་གཞན་ཞིག་གིས་རང་ཉིད་གྲོང་རྡལ་དུ་བསྡད་པས་འཁྲུག་རྩོད་དྲག་པོ་དངོས་སུ་མཐོང་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།