ནེ་ཀྲིར་གྱི་ཙུང་ཐུང་གིས་ནེ་ཀྲིར་དང་ཀྲུང་གོའི་འབྲེལ་བ་དེ་སྐས་རིམ་གསར་བ་ཞིག་ཏུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་རྒྱུའི་ཚུལ་བསྟན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནེ་ཀྲིར་གྱི་ཙུང་ཐུང་པཱ་ཙུའུ་མུའུ་ཡིས་ཚེས་ཉི་ཤུ་ཉིན་བསྟན་དོན། ནེ་ཀྲིར་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་མཉམ་ལས་འབྲེལ་བ་དེ་སྐས་རིམ་གསར་བ་ཞིག་ཏུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར། 

པཱ་ཙུའུ་མུའུ་ཡིས་ཉིན་དེར་རྒྱལ་ས་ནེ་ཡཱ་མེ་ནས་ནེ་ཀྲིར་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཅང་ཧྥུན་གྱིས་སྤྲད་པའི་རྒྱལ་ཡིག་དང་ལེན་བྱེད་སྐབས་བཤད་རྒྱུར། ནེ་ཀྲིར་དང་ཀྲུང་གོའི་བར་དུས་ཡུན་རིང་བོའི་མཛའ་བརྩེ་ལྡན་པ་དང་། རྒྱལ་ཁབ་གཉིས་ཀྱི་རྨང་གཞིའི་སྒྲིག་ཆས་དང་རྡོ་སྣུམ། འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཕན་འབྲས་མི་དམན་པ་ཐོབ་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ངེས་པ་དོན་གྱིས་ཕན་ཐོགས་ཡོད། ནེ་ཀྲིར་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་མཐོང་ཆེན་བྱེད་ཅིང་། ཀྲུང་གོའི་ཕྱོགས་བློ་གཏོད་རུང་བའི་འཐབ་ཇུས་མཉམ་ལས་གྲོགས་པོར་མཐོང་ཡོད། ཀྲུང་གོའི་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་མཉམ་ལས་འབྲེལ་བ་དེ་སྐས་རིམ་གསར་བ་ཞིག་ཏུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།