ཀྲུང་གོ་བོད་ཀྱི་དྲ་བ།

ཐུ་ནི་ཞི་ཡཱའི་ཙུང་ཐུང་གིས་རྣམ་པ་གང་རུང་གི་ཕྱི་ཡོང་ཐེ་གཏོགས་ལ་ངོ་རྒོལ་བྱེད་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-10-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུ་ནི་ཞི་ཡཱའི་ཙུང་ཐུང་སེ་དབྱེ་ཏི་ཡིས་ཚེས་ཉི་ཤུ་ཉིན་བསྟན་དོན། ཐུ་ནི་ཞི་ཡཱ་ཡིས་རྣམ་པ་གང་རུང་གི་ཕྱི་ཡོང་ཐེ་གཏོགས་ལ་ངོ་རྒོལ་བྱེད་བཞིན་ཡོད་ཟེར། 

ཐུ་ནི་ཞི་ཡཱའི་ཙུང་ཐུང་བཞུགས་ཤག་གིས་སྤེལ་བའི་གནས་ཚུལ་ལྟར་ན། སེ་དབྱེ་ཏི་ཡིས་ཉིན་དེར་འཚམས་འདྲིར་ཡོང་བའི་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོ་ཀའེ་ཐི་དང་གྲོས་མོལ་བྱས། སེ་དབྱེ་ཏི་ཡིས་གྲོས་མོལ་བྱེད་སྐབས་བསྟན་དོན། ཐུ་ནི་ཞི་ཡཱ་ཡིས་རྣམ་པ་གང་རུང་གི་ཕྱི་ཡོང་ཐེ་གཏོགས་ལ་ངོ་རྒོལ་བྱེད་པ་དང་། ཕན་ཚུན་གྱི་རྒྱལ་ཁབ་བདག་དབང་ལ་བརྩི་འཇོག་བྱེད་པའི་རྨང་གཞིའི་སྟེང་སྤུན་ཟླ་དང་གྲོགས་པོའི་རྒྱལ་ཁབ་གཞན་པའི་བར་གྲོས་མོལ་མཉམ་ལས་བྱེད་འདོད་ཡོད་ཟེར། ཁོས་ད་རུང་ཀའེ་ཐི་ཡིས་ཐུ་ནི་ཞི་ཡཱ་ཡིས་མིག་སྔའི་གནས་བབ་འོག་སྤྱད་པའི་རྒྱབ་སྐྱོར་ལངས་ཕྱོགས་ལ་བཀའ་དྲིན་ཞུས། 

ཀའེ་ཐི་ཡིས་བསྟན་དོན། ཁོས་ཐུ་ནི་ཞི་ཡཱའི་དམངས་གཙོའི་འཕེལ་རིམ་དང་སྤྱད་པའི་ནུས་ལྡན་བྱེད་ཐབས་ལ་ཡིད་ཆེས་ཀྱིས་ཁེངས་ཡོད་པ་དང་། ཐུ་ནི་ཞི་ཡཱའི་མགོ་ཁྲིད་པས་མི་དམངས་ཀྱི་འདོད་བློ་གཞིར་བཟུང་ནས་རྒྱལ་ཁབ་ཀྱི་གཏན་འཇགས་དང་འཕེལ་རྒྱས་མངོན་འགྱུར་བྱེད་པའི་སྨོན་འདུན་ཞུས། 

ཐུ་ནི་ཞི་ཡཱའི་གྲོང་ཁྱེར་གཙོ་བོར་ཟླ་བདུན་པའི་ཟླ་སྨད་དུ་གཞི་རྒྱ་ཆེ་བའི་རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་བྱུང་སྟེ། སྲིད་གཞུང་གིས་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱས་པ་མི་འདང་བ་དང་དཔལ་འབྱོར་སླར་གསོ་དང་ལས་ཤོར་གནད་དོན་ཐག་གཅོད་བྱེད་པར་ཕན་ནུས་ལྡན་པའི་བྱེད་ཐབས་མེད་པར་ངོ་རྒོལ་བྱས། སེ་དབྱེ་ཏི་ཡིས་ཟླ་བདུན་པའི་ཚེས་ཉེར་ལྔ་ཉིན་ཁྱབ་བསྒྲགས་བྱས་དོན། མིག་སྔའི་ཛ་དྲག་གི་གནས་བབ་ཐག་གཅོད་བྱེད་ཆེད། ཁོས་རྩ་ཁྲིམས་ཀྱི་འབྲེལ་ཡོད་ནང་དོན་གཞིར་བཟུང་སྟེ་བྲེལ་མྱུར་བྱེད་ཐབས་རབ་དང་རིམ་པ་ལག་བསྟར་བྱས་ཡོད། དེའི་ནང་ཙུང་ལི་དང་ནང་སྲིད་པུའུ་ཀྲང་གི་ལས་འགན་གཅིག་ལྕོགས་སུ་ཁུར་མཁན་མེད་ཞེ་ཞེ་ཡི་ལས་འགན་ལེན་པ་སོགས་འདུས། སེ་དབྱེ་ཏི་ཡིས་ཟླ་དགུ་བའི་ཚེས་ཉེར་དགུ་ཉིན་ནཱ་ཅེ་ལཱ་ཙུང་ལི་གསར་བར་བསྐོ་འཇོག་བྱས་པ་དང་། ནཱ་ཅེ་ལཱ་ཡིས་ཟླ་བཅུ་བའི་ཚེས་བཅུ་གཅིག་ཉིན་སྲིད་གཞུང་གསར་བ་རྩ་འཛུགས་བྱས་པ་ཁྱབ་བསྒྲགས་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།