ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གྱིས་བཟོད་སྒོམ་རང་བཞིན་གྱི་སྲིད་གཞུང་འཛུགས་པ་ནི་ཨ་ཧྥུའུ་ཧན་རྒྱལ་ནང་གི་གཏན་འཇགས་མངོན་འགྱུར་བྱེད་པའི་ཐབས་ལམ་ཉག་ཅིག་ཡིན་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-10-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས་ཉི་ཤུ་ཉིན་མའོ་སི་ཁོ་ནས་སྤེལ་བའི་ཨ་ཧྥུའུ་ཧན་གྱི་གནད་དོན་ལ་མའོ་སི་ཁོའི་རྣམ་པས་གྲོས་མོལ་བྱེད་པའི་གྲོས་ཚོགས་ཐེངས་གསུམ་པའི་སྟེང་བསྟན་དོན། ཨ་ཧྥུའུ་ཧན་གྱི་ཆབ་སྲིད་སྟོབས་ཤུགས་ཡོད་ཚད་ཟབ་ཞུགས་བྱེད་པའི་བཟོད་སྒོམ་རང་བཞིན་གྱི་སྲིད་གཞུང་ཞིག་འཛུགས་པ་ནི་ཨ་ཧྥུའུ་ཧན་རྒྱལ་ནང་གི་གཏན་འཇགས་མངོན་འགྱུར་བྱེད་པའི་ཐབས་ལམ་ཉག་ཅིག་ཡིན་ཟེར། 

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་གྲོས་ཚོགས་སྟེང་གཏམ་བཤད་སྤེལ་ཏེ། ཨུ་རུ་སིའི་ཕྱོགས་ཀྱིས་ཨ་ཧྥུའུ་ཧན་གནས་བབ་སྐབས་སྲིད་གཞུང་གིས་རྒྱལ་ནང་གི་གནས་བབ་གཏན་འཇགས་ཡོང་བའི་ཐད་བྱ་བ་མི་ཉུང་བ་བསྒྲུབས་པར་དོ་སྣང་བྱེད་བཞིན་ཡོད་ཟེར། ཁོས་ད་རུང་བསྟན་དོན། ཨ་ཧྥུའུ་ཧན་གྱི་གནས་བབ་དེ་མིག་སྔར་ད་རུང་གཏན་འཇགས་མིན་པ་དང་། རྟེན་གཞིའི་རྩ་འཛུགས་དང་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་འདུས་པའི་འཇིགས་སྐུལ་རྩ་འཛུགས་ཀྱིས་གནད་དེ་བེད་སྤྱད་དེ། མུ་མཐུད་དུ་ཨ་ཧྥུའུ་ཧན་ནས་ཁྲག་བཞུར་འཁྲུག་རྩོད་དང་དྲག་ཤུགས་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་བཟོ་བར་གྲ་སྒྲིག་བྱེད་བཞིན་ཡོད་ཟེར། ཁོས་ཨ་ཧྥུའུ་ཧན་གྱི་ཐཱ་ལེ་པན་གྱིས་དམ་བཅའ་ལག་བསྟར་བྱས་ཏེ་མི་གང་རུང་གིས་ཨ་ཧྥུའུ་ཧན་གྱི་མངའ་ཁོངས་བེད་སྤྱད་ནས་རྒྱལ་ཁབ་གཞན་པའི་ཁེ་ཕན་ལ་གནོད་པ་བཟོ་བར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་། 

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བསྟན་དོན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨ་ཧྥུའུ་ཧན་ལ་མི་ཆོས་རིང་ལུགས་དང་དཔལ་འབྱོར་རོགས་སྐྱོར་འདོན་སྤྲོད་བྱེད་དགོས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དེའི་ཐད་མཐུན་སྦྱོར་གྱི་ནུས་པ་གལ་ཆེན་འདོན་སྤེལ་བྱེད་དགོས། ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ཨ་ཧྥུའུ་ཧན་གྱི་ཡུལ་གྱར་བའི་གནད་དོན་ཐག་གཅོད་བྱེད་པའི་ཐད་ནས་འགན་ཁུར་བའི་རྣམ་འགྱུར་སྟོན་དགོས། རྒྱུ་མཚན་ནི་ནུབ་ཕྱོགས་སྟོབས་ཤུགས་ཨ་ཧྥུའུ་ཧན་དུ་དུས་ཡུན་རིང་བོར་བཅའ་སྡོད་བྱས་པ་ལས་རྒྱལ་ཁབ་དེའི་གནས་བབ་ཛ་དྲག་ཏུ་གྱུར་བས་རེད་ཟེར། 

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ད་རུང་བསྟན་དོན། ཨུ་རུ་སི་ཡིས་ཧུར་ཐག་སྒོས་མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་བོའི་རྐྱེན་སྲོལ་ལ་བརྟེན་ནས་ཨ་ཧྥུའུ་ཧན་གྱི་གནད་དོན་ཐག་གཅོད་བྱེད་པའི་ཁྲོད་ཞུགས་རྒྱུ་ཡིན་ལ། ཨུ་རུ་སིའི་ཕྱོགས་ཀྱིས་ཉེ་ལམ་ཨ་ཧྥུའུ་ཧན་ལ་སྐོར་ཐེངས་གསར་བའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་རྒྱུ་ཡིན་ཟེར། 

ཨ་ཧྥུའུ་ཧན་གྱི་གནད་དོན་ལ་མའོ་སི་ཁོའི་རྣམ་པས་གྲོས་མོལ་བྱེད་པའི་གྲོས་ཚོགས་ཐེངས་གསུམ་པ་ཚེས་ཉི་ཤུ་ཉིན་མའོ་སི་ཁི་ནས་སྤེལ། ས་ཁུལ་རང་གི་རྒྱལ་ཁབ་བཅུ་ནས་ཡོང་བའི་འཐུས་མི་གྲོས་ཚོགས་ལ་ཞུགས། ཨ་ཧྥུའུ་ཧན་གྱི་འཐུས་ཚབ་ཚོགས་པ་དེ་ཨ་ཧྥུའུ་ཧན་གནས་སྐབས་སྲིད་གཞུང་གི་ཙུང་ལི་གཞོན་པ་ཚབ་མ་ཨ་པུའུ་ཏུའུ་ལེ་སཱ་ལཱ་མུའུ་ཧཱ་ནཱ་ཧྥེ་ཡིས་སྣེ་ཁྲིད་བྱས་ཡོད་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།