ཀྲུང་གོ་བོད་ཀྱི་དྲ་བ།

ཧུའུ་ཁྲུན་ཧྭ2021ལོའི་གྲོང་གསེབ་འཕེལ་རྒྱས་ཀྱི་མཐོ་རིམ་གླེང་སྟེགས་ལ་ཞུགས་ཤིང་ཤིས་ཚིག་ཕུལ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-10-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མི་དམངས་དྲ་བའི་གློག་འཕྲིན་ལྟར། ཚེས19ཉིན། 2021ལོའི་གྲོང་གསེབ་འཕེལ་རྒྱས་ཀྱི་མཐོ་རིམ་གླེང་སྟེགས་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧུའུ་ཁྲུན་ཧྭ་གླེང་སྟེགས་ཀྱི་མགོ་ཚུགས་མཛད་སྒོར་ཞུགས་ཤིང་ཤིས་ཚིག་ཕུལ། 

ཧུའུ་ཁྲུན་ཧྭ་ཡིས་བསྟན་དོན། དབུལ་འཕྲི་དང་གྲོང་གསེབ་འཕེལ་རྒྱས་སུ་གཏོང་བ་ནི་རྒྱ་ཆེ་བའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་ལ། གོ་ལ་ཧྲིལ་པོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཞིབ་འཇུག་བྱ་གཞི་གལ་ཆེན་ཞིག་ཀྱང་ཡིན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག ཀྲུང་གོའི་དབུལ་ཐར་འགག་སྒྲོལ་དམག་འཐབ་ལ་ཁྱོན་ཡོངས་ནས་རྒྱལ་ཁ་ཐོབ་ཏེ། ལོ10ཡི་སྔ་སྣུར་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི2030ལོའི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་གྱི་དབུལ་འཕྲིའི་དམིགས་འབེན་མངོན་འགྱུར་བྱུང་བ་དང་། དབུལ་འཕྲི་བཅོས་སྐྱོང་གི་ཀྲུང་གོའི་མ་དཔེ་བཏོད་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དབུལ་ཕོངས་ལ་རྒོལ་པའི་རིག་གཞུང་གྲུབ་སྟེ། གོ་ལ་ཧྲིལ་པོའི་དབུལ་ཕོངས་བཅོས་སྐྱོང་ལ་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཇུས་གཞི་ལེགས་སྐྱེས་སུ་ཕུལ་ཡོད། དབུལ་ཐར་འགག་སྒྲོལ་གྱི་ལས་འགན་ཁྱོན་ཡོངས་ནས་ལེགས་འགྲུབ་བྱུང་བ་དང་ཆབས་ཅིག “ཞིང་གསུམ”བྱ་བའི་གཙོ་གནད་ལོ་རྒྱུས་རང་བཞིན་གྱིས་གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ཕྱོགས་སུ་བསྒྱུར་ཡོད། ཀྲུང་གོས་དབུལ་ཐར་འགག་སྒྲོལ་གྱི་ཉམས་མྱོང་རྩ་ཆེན་མཐའ་འཁྱོངས་དང་འཕེལ་རྒྱས་སུ་བཏང་ནས། ཤུགས་ཆེན་པོས་དབུལ་ཐར་འགག་སྒྲོལ་གྱི་སྙིང་སྟོབས་དར་སྤེལ་དང་། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དེ། གྲོང་གསེབ་དར་སྤེལ་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བར་དོན་འཁྱོལ་དང་ཕན་འབྲས་ཐོབ་ཡོད། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས། ཞིང་ལས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་བ་དང་། གྲོང་གསེབ་ཏུ་གནས་ལ་འཚམ་ཞིང་ལས་ལ་འཚམ་པ། ཞིང་པར་རྒྱུ་ནོར་འབྱོར་ཕྱུག་ལྡན་པར་སྐུལ་འདེད་གཏོང་དགོས། 

ཧུའུ་ཁྲུན་ཧྭ་ཡིས་ནན་གྱིས་བསྟན་དོན། ཀྲུང་གོ་ཐོག་མཐའ་བར་གསུམ་དུ་རྒྱལ་སྤྱིའི་དབུལ་འཕྲི་དང་གྲོང་གསེབ་འཕེལ་རྒྱས་བྱ་གཞག་གི་གྲོས་འདོན་མཁན་དང་། སྐུལ་འདེད་མཁན། སྐྱེས་འབུལ་མཁན་བཅས་ཡིན། ཀྲུང་གོས་རྒྱལ་ཁབ་སོ་སོ་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་གཞིའི་ནང་ཞུགས་པར་དགའ་བསུ་ཞུ་རྒྱུ་ཡིན་ལ། རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་དབུལ་འཕྲི་བཅོས་སྐྱོང་དང་གྲོང་གསེབ་འཕེལ་རྒྱས་ཁྱབ་ཁོངས་ཀྱི་འབྲེལ་འདྲིས་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་བཏང་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་ལ་སྐུལ་འདེད་གཏོང་ཆེད་འབད་བརྩོན་ལྷོད་མེད་བྱེད་འདོད་ཡོད། 

རྒྱལ་སྤྱིའི་གླེང་སྟེགས་དེ་དྲ་ཐོག་དང་ཡུལ་དངོས་ཟུང་འབྲེལ་སྒོས་སྤེལ་བ་དང་། ཨུ་ཟ་བྷེ་ཁི་སི་ཐན་གྱི་ཙུང་ལི་གཞོན་པ་ཅ་མུའུ་ཞི་ཏེ་ཁུའུ་ཆི་ཁ་ལུའོ་ཧྥུའུ་དང་། མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་མི་ཆུས་ཏུང་ཡུས། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དྲུང་ཡིན་ཆེན་མོ་ལིན་ཡུས་ཧུའེ་སོགས་ཀྱིས་གདན་ཞུས་ལྟར་བརྙན་ལམ་ནས་ཤིས་ཚིག་ཕུལ། ། 

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།