ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱི་ཡིས་ནེ་པ་ལའི་ཕྱི་འབྲེལ་པུའུ་ཀྲང་ཁ་ཏེ་ཅ་ལ་ཁ་པར་བཏང་།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-10-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ10པའི་ཚེས19ཉིན། རྒྱལ་སྲིད་ཨུ་ཡོན་ནམ་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཡིས་ནེ་པ་ལའི་གསར་བསྐོའི་ཕྱི་འབྲེལ་པུའུ་ཀྲང་ཁ་ཏེ་ཅ་ལ་ཁ་པར་བཏང་། 

ཝང་དབྱི་ཡིས་བསྟན་དོན། ཀྲུང་གོ་དང་ནེ་པ་ལ་ནི་རི་ཆུ་འབྲེལ་བའི་མཛའ་མཐུན་ཁྱིམ་མཚེས་རྒྱལ་ཁབ་ཡིན་ལ། ལས་དབང་གཅིག་མཐུན་གྱི་འཕེལ་རྒྱས་རོགས་ཟླ་ཡང་ཡིན། རྒྱལ་ཁབ་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱིས་ལྟ་སྟངས་བཟུང་ནས། ཁྱིམ་མཚེས་རྒྱལ་ཁབ་བར་ཞི་བདེ་མཉམ་གནས་དང་མཛའ་མཐུན་མཉམ་ལས་ཀྱི་དཔེ་སྟོན་དུ་གྱུར་ཡོད། ཀྲུང་གོས་ནེ་པ་ལའི་སྐབས་རིམ་བྱུང་གི་སྲིད་གཞུང་གིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བྱས་པ་དང་། ཀྲུང་གོའི་ལྟེ་བའི་ཁེ་ཕན་དང་འབྲེལ་ཞིང་དོ་ཁུར་ཆེ་བའི་གནད་དོན་ཐད་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱས་པར་བསྔགས་བརྗོད་བྱ་རྒྱུ་ཡིན། ཀྲུང་གོས་ཀྱང་སྔར་རྒྱུན་བཞིན་ནེ་པ་ལས་རྒྱལ་ཁབ་ཀྱི་བདག་དབང་དང་ང་བཙན། མངའ་ཁོངས་ཆ་ཚང་བཅས་ལ་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་བྱས་ནས། ནེ་པ་ལའི་ལྟེ་བའི་ཁེ་ཕན་དང་འབྲེལ་བའི་གནད་དོན་ཐད་བདེན་འཛིན་དྲང་གཏམ་བརྗོད་རྒྱུ་ཡིན། 

ཝང་དབྱི་ཡིས་བསྟན་དོན། ན་ནིང་ནས་བཟུང་། ཀྲུང་གོ་དང་ནེ་པ་ལས་ལག་གདང་སྦྲེལ་ནས་རིམས་ནད་ལ་འགོག་རྒོལ་དང་། དཔལ་འབྱོར་སླར་གསོར་སྐུལ་འདེད་བཏང་ནས། མུ་མཐུད་དུ་རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་མཛའ་མཐུན་གྱི་ལེའུ་གསར་པ་བརྩམས་ཡོད། སྔར་ལས་ལྷག་པར་ནེ་པ་ལའི་རིམས་ནད་སྔོན་འགོག་ལ་རྒྱབ་སྐྱོར་བྱ་ཆེད། ཀྲུང་གོས་ནེ་པ་ལར་རིམས་འགོག་སྨན་ཁབ་གསར་པ་ཁག་ཅིག་གིས་རོགས་སྐྱོར་བྱ་རྒྱུ་དང་། ནེ་པ་ལས་ཀྲུང་གོར་སྡོད་པའི་ཚོང་བས་རིམས་འགོག་སྨན་ཁབ་ཉོ་བར་སྟབས་བདེ་བསྐྲུན་རྒྱུ་ཡིན། ཀྲུང་གོས་ནེ་པ་ལ་དང་མཉམ་དུ་ཀྲུང་གོའི་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱས་ཏེ། “རྒྱུད་གཅིག་ལམ་གཅིག”སྤུས་ཚད་མཐོ་བའི་ངང་མཉམ་སྐྲུན་བྱེད་པ་དང་། ནེ་པ་ལའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རམ་འདེགས་བྱས་ནས། ཀྲུང་ནེའི་བར་གྱི་སྔར་བས་དམ་ཟབ་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་འདོད་ཡོད། 

ཝང་དབྱི་ཡིས་བསྟན་དོན། ད་ལོ་ནི་ཀྲུང་གོ་གསར་པའི་མཉམ་འབྲེལ་རྒྱལ་ཚོགས་སུ་ཁྲིམས་མཐུན་གདན་ཐོབ་སླར་གསོ་བྱུང་ནས་ལོ་འཁོར50ལོན་པའི་ལོ་ཡིན། ནེ་པ་ལས་དེ་སྔོན་ཀྲུང་གོར་རྒྱབ་སྐྱོར་ཆེན་པོ་གནང་བ་ང་ཚོས་བརྗེད་མི་སྲིད། ཀྲུང་གོས་ནེ་པ་ལ་དང་མཉམ་དུ་ཕྱོགས་མང་རིང་ལུགས་དངོས་འབྲེལ་སྲུང་སྐྱོང་དང་། རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་ཇུས་བྱེད་པར་འགོག་རྒོལ། ཕྱོགས་རྐྱང་རིང་ལུགས་དང་བཙན་ཤེད་བྱ་སྤྱོད་ལ་ངོ་རྒོལ་བཅས་བྱས་ནས། རྒྱལ་ཁབ་གཉིས་པོ་དང་ས་ཁུལ་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོང་བྱེད་འདོད་ཡོད། “གོ་ལ་ཧྲིལ་པོའི་འཕེལ་རྒྱས་གྲོས་མགོ”ནི་ཀྲུང་གོས་རྒྱལ་སྤྱིའི་སྤྱི་ཚོགས་ལ་མཁོ་འདོན་བྱས་པའི་སྤྱི་པའི་ཐོན་རྫས་དང་མཉམ་ལས་ཀྱི་ལས་སྟེགས་གལ་ཆེན་ཞིག་ཡིན། དེས་ནེ་པ་ལ་སོགས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་རང་ངོས་འཕེལ་རྒྱས་སྔར་བས་ལེགས་པ་ཡོང་བར་རོགས་རམ་ཐུབ་པས། ཀྲུང་གོས་དེའི་ཐད་ནེ་པ་ལ་དང་མཉམ་ལས་བྱེད་པར་ཤུགས་སྣོན་རྒྱག་འདོད་ཡོད། 

ཁ་ཏེ་ཅ་ཡིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུས་པ་དང་། ཀྲུང་གོས་ནེ་པ་ལའི་རིམས་ནད་འགོག་རྒོལ་དང་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་ཆེན་པོ་གནང་བར་ཐུགས་རྗེ་ཆེ་ཞུས། ཁ་ཏེ་ཅ་ཡིས་བསྟན་དོན།  ནེ་པ་ལ་སྲིད་གཞུང་གསར་པས་ཀྲུང་གོའི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད། ཀྲུང་གོ་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱེད་པ་དང་། “རྒྱུད་གཅིག་ལམ་གཅིག”སྤུས་ཚད་མཐོ་བའི་ངང་མཉམ་སྐྲུན་བྱེད་པ། ཁྱབ་ཁོངས་སོ་སོའི་འབྲེལ་འདྲིས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས། ནེ་ཀྲུང་འབྲེལ་བར་རྒྱུན་ཆད་མེད་པར་འཕེལ་རྒྱས་གསར་པ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད། ནེ་པ་ལས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བྱེད་པ་དང་། སྟོབས་ཤུགས་གང་རུང་གིས་ནེ་པ་ལའི་མངའ་ཁོངས་སྤྱད་དེ་ཀྲུང་གོར་ངོ་རྒོལ་བྱེད་པའི་བྱ་སྤྱོད་སྤེལ་དུ་མི་འཇུག ། “གོ་ལ་ཧྲིལ་པོའི་འཕེལ་རྒྱས་གྲོས་གཞི”དེ2030ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་ཚད་དང་གཅིག་རྒྱུན་གཅིག་འཛིན་བྱས་ཡོད། ནེ་པ་ལས་ཞིབ་འཇུག་ནན་ཏན་བྱས་ཏེ། ནེ་པ་ལའི་རང་ངོས་འཕེལ་རྒྱས་ཀྱི་འཐབ་ཇུས་དང་སྔར་ལས་ལེགས་པའི་སྒོ་ནས་འབྲེལ་མཐུད་བྱ་རྒྱུ་ཡིན། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།