ཀྲུང་གོ་བོད་ཀྱི་དྲ་བ།

ཀི་ལུའུ་ཅི་ཡཱ་དང་ཨ་མེ་རི་ཁས་རྒྱལ་སྲུང་མཉམ་ལས་ཀྱི་བཟོད་སྒོམ་བརྗེད་ཐོ་གསར་བ་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-10-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀི་ལུའུ་ཅི་ཡཱ་དང་ཨ་མེ་རི་ཁས་ཚེས་བཅོ་བརྒྱད་ཉིན་རྒྱལ་སྲུང་མཉམ་ལས་ཀྱི་བཟོད་སྒོམ་བརྗེད་ཐོ་གསར་བ་བཀོད། 

ཀི་ལུའུ་ཅི་ཡཱའི་རྒྱལ་སྲུང་པུའུ་ཡིས་བསྒྲགས་པ་ལྟར་ན། ཀི་ལུའུ་ཅི་ཡཱའི་རྒྱལ་སྲུང་བློན་ཆེན་པུའུ་ཨར་ཁྱིག་ལཱ་ཙེ་ཡིས་ཉིན་དེར་འཚམས་འདྲིར་ཡོང་བའི་ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཨོ་སི་ཏེན་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་ཨ་མེ་རི་ཁས་ཀི་ལུའུ་ཅི་ཡཱ་ལ་རྒྱབ་སྐྱོར་བྱེད་པ་དང་། བྱང་ཆིངས་རྩ་འཛུགས་དང་ཀི་ལུའུ་ཅི་ཡཱའི་མཉམ་ལས་ལ་སྐུལ་འདེད་གཏོང་བ། རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གི་དམག་དོན་སྦྱོང་བརྡར། དེ་མིན་མཚོ་ནག་ས་ཁུལ་གྱི་ཞི་བདེ་སོགས་གནད་དོན་ལ་གྲོས་བསྡུར་བྱས། 

ཨོ་སི་ཏེན་གྱིས་གྲོས་མོལ་བྱས་རྗེས་ཀྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཕྱོགས་གཉིས་ཀྱིས་ཀི་ལུའུ་ཅི་ཡཱའི་རྒྱལ་སྲུང་དང་ཟིལ་ཤུགས་ཇེ་དྲག་ཏུ་གཏོང་བའི་བཟོད་སྒོམ་བརྗེད་ཐོ་བཀོད་ཡོད། བཟོད་སྒོམ་བརྗེད་ཐོ་དེ་བཀོད་པ་ལས་རྒྱལ་ཁབ་གཉིས་ཀྱི་བདེ་འཇགས་མཉམ་ལས་དེ་དུས་རིམ་གསར་བ་ཞིག་ཏུ་བསླེབས་པ་དང་། ཨ་མེ་རི་ཁས་ཀི་ལུའུ་ཅི་ཡཱ་ལ་རྒྱབ་སྐྱོར་བྱེད་པ་མངོན་པར་མཚོན་ཡོད་ཟེར། 

པུའུ་ཨར་ཁྱིག་ལཱ་ཙེ་ཡིས་བསྟན་དོན། ཀི་ལུའུ་ཅི་ཡཱ་དང་ཨ་མེ་རི་ཁའི་མཉམ་ལས་དེ་ཀི་ལུའུ་ཅི་ཡཱའི་གཏན་འཇགས་འཕེལ་རྒྱས་དང་ས་ཁུལ་གྱི་ཞི་བདེ་དང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པར་ཕན་ཐོགས་ཡོད་ཟེར། 

ཉེ་བའི་ལོ་འགའི་རིང་ལ། ཀི་ལུའུ་ཅི་ཡཱ་ཡིས་རྒྱུན་ཆད་མེད་པར་ཨ་མེ་རི་ཁའི་བར་གྱི་རྒྱལ་སྲུང་མཉམ་ལས་འབྲེལ་བ་ཇེ་ཟབ་ཏུ་བཏང་། ཉིས་སྟོང་བཅུ་དྲུག་ལོར། རྒྱལ་ཁབ་གཉིས་ཀྱིས་རྒྱལ་སྲུང་དང་བདེ་འཇགས་ཁྱབ་ཁོངས་ཀྱི་གྲོགས་པོའི་འབྲེལ་བ་ཇེ་ཟབ་ཏུ་གཏོང་བའི་བཟོད་སྒོམ་བརྗེད་ཐོ་དང་ཉིས་སྟོང་བཅུ་དྲུག་ལོ་ནས་ཉིས་སྟོང་བཅུ་དགུ་ལོའི་བར་གྱི་བདེ་འཇགས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་བཀོད་པ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།