ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་སྲིད་གཞུང་གིས་རོགས་སྐྱོར་བྱས་པའི་སྐོར་དང་པོའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་དབྱི་རག་གི་རྒྱལ་ས་པ་ཀི་ཏ་ལ་ཐོན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན།     སྤེལ་དུས། : 2021-10-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་སྲིད་གཞུང་གིས་རོགས་སྐྱོར་བྱས་པའི་སྐོར་དང་པོའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་ཚེས་བཅུ་བཞི་ཉིན་དབྱི་རག་གི་རྒྱལ་ས་པ་ཀི་ཏའི་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་ཐོན་པ་དང་། དབྱི་རག་ཏུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གི་གནས་སྐབས་ཚབ་སྒྲུབ་པ་ཅན་ཧྥུང་ཉིང་དང་དབྱི་རག་འཕྲོད་བསྟེན་པུའུ་སྤྱི་ཐུན་འཕྲོད་བསྟེན་སིའི་མགོ་གཙོ་ལིས་ཡ་ཏི་སོགས་འགོག་སྨན་སྤྲོད་ལེན་མཛད་སྒོར་ཞུགས།

ཅན་ཧྥུང་ཉིང་གིས་བཤད་དོན། པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ཚུན་ལ། ཀྲུང་གོ་དང་དབྱི་རག་རྒྱལ་ཁབ་གཉིས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་སོ་སྲུང་རོགས་རེས་དང་དཀའ་ཁག་ཁྱད་སེལ་བྱས། ཀྲུང་གོ་སྲིད་གཞུང་གིས་དབྱི་རག་ལ་རོགས་སྐྱོར་བྱེད་པའི་སྐོར་བཞི་བའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་པ་ཀི་ལ་ཐོན་པ་དེ་ལས་ཀྲུང་གོ་དང་དབྱི་རག་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་དུ་མཛའ་བཤེས་ཟབ་མོ་ཆགས་ཡོད་པ་མཚོན་པ་དང་། ཀྲུང་གོ་ཕྱོགས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་དེ་འཛམ་གླིང་གི་སྤྱི་ཐུན་འཕྲོད་བསྟེན་ཐོན་རྫས་བྱེད་པའང་བདེན་དཔང་བྱེད་ཐུབ། ཀྲུང་གོས་འདོན་སྤྲོད་བྱས་པའི་འགོག་སྨན་གྱིས་དབྱི་རག་ཕྱོགས་ཀྱིས་གཞི་ཁྱོན་ཆེན་པོས་འགོག་སྨན་རྒྱག་པ་དང་རིམས་ནད་འགོག་རྒོལ་ལས་རྣམ་པར་རྒྱལ་བར་ནུས་པ་ཆེན་པོ་འདོན་ཐུབ་པར་ཡིད་ཆེས་ཡོད་ཟེར།

ལིས་ཡ་ཏི་ཡིས་རིམས་ནད་བྱུང་བའི་ཚུན་ལ་ཀྲུང་གོས་དབྱི་རག་ལ་རྒྱབ་སྐྱོར་དང་རོགས་རམ་བྱས་པར་བཀའ་དྲིན་ཆེ་ཞུས། ཁོས་བཤད་དོན། སྐོར་འདིའི་འགོག་སྨན་ཐོན་པ་དེས་དབྱི་རག་གི་འགོག་སྨན་རྒྱག་པའི་ཆུ་ཚད་དང་ནུས་པ་མཐོར་འདེགས་སུ་གཏོང་སྲིད་པ་དང་། ཀྲུང་གོས་འཛམ་གླིང་གི་རྒྱལ་ཁབ་སོ་སོར་འགོག་སྨན་འདོན་སྤྲོད་བྱེད་པ་དང་འགོག་སྨན་འདྲ་མཉམ་སྒོས་བགོ་བའི་ཕྱོགས་སུ་ནུས་པ་ཆེན་པོ་བཏོན་ཟེར།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།