ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་གི་མཁའ་སྲུང་དམག་དོན་སྦྱོང་བརྡར་ལས་རྒྱལ་ཁབ་རང་གིས་ཐོན་སྐྱེད་བྱས་པའི་མཁའ་སྲུང་མ་ལག་གཉིས་གཏོང་འཕེན་ཚོད་ལྟ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-10-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་གིས་ཚེས་བཅུ་གསུམ་ཉིན་ལོ་དེའི་མཁའ་སྲུང་དམག་དོན་སྦྱོང་བརྡར་སྤེལ་སྐབས་ཆའོ་ཧྲན་དང་ཧཱ་ཐཱ་མུའུ་ཞེས་པའི་རྒྱལ་ཁབ་རང་གིས་ཐོན་སྐྱེད་བྱས་པའི་མཁའ་སྲུང་མ་ལག་གཉིས་གཏོང་འཕེན་ཚོད་ལྟ་བྱས་ཏེ། བདེ་བླག་ངང་སྔོན་གྱི་དམིགས་འབེན་ལ་ཕོག་པ་རེད། 

དབྱི་ལིང་འགོག་སྲུང་རྟེན་གཞིའི་བཀོད་འདོམ་དཔོན་པོ་ལཱ་ཞེ་མུའུ་ཀྲ་ཏི་ཡིས་བཤད་རྒྱུར། ཆའོ་ཧྲན་དང་ཧཱ་ཐཱ་མུའུ་ཞེས་པའི་མཁའ་སྲུང་མ་ལག་གཉིས་ནི་ཐེངས་འདིའི་དམག་དོན་སྦྱོང་བརྡར་ཁྲོད་ཐོག་དང་པོར་གཏོང་འཕེན་ཚོད་ལྟ་བྱས་ཏེ་སྔོན་ནས་གཏན་འཁེལ་བྱས་པའི་དམིགས་འབེན་ལ་བདེ་བླག་ངང་ཕོག་ཡོད། ཆའོ་ཧྲན་ནི་ཧའོ་ཨར་ཏི་ཏཱ-15རྟགས་ཅན་གྱི་མཁའ་སྲུང་མ་ལག་རིམ་འཕར་བྱས་པ་ཡིན་ཟེར། 

ལཱ་ཞེ་མུའུ་ཀྲ་ཏི་ཡིས་བསྟན་དོན། མཁའ་སྲུང་མ་ལག་བཀོལ་ནས་ཡུལ་བབ་དམའ་སའི་དམིགས་འབེན་གཏོར་བ་ནི་ཐེངས་འདིའི་དམག་དོན་སྦྱོང་བརྡར་གྱི་ཚོད་ལྟའི་ལས་འགན་ཞིག་ཡིན། དབྱི་ལིང་གིས་རང་རྒྱལ་གྱི་མཁའ་སྲུང་ནུས་པར་ཤུགས་སྣོན་བྱེད་རྒྱུ་ཡིན་པ་དང་། དབྱི་ལིང་ས་ཁོངས་ལ་འཇིགས་ཉེན་བཟོ་བའི་དམག་དོན་འགུལ་སྐྱོད་གང་ཡིན་ཡང་རྒོལ་ལན་དྲག་པོ་ཐེབས་སྲིད་ཟེར། 

གཞན་ཡང་བསྒྲགས་པའི་གནས་ཚུལ་ལྟར་ན། དབྱི་ལིང་གི་རྣམ་པ་གསར་བའི་རྒྱལ་ཁབ་རང་གིས་ཐོན་སྐྱེད་བྱས་པའི་རྒྱང་འཕེན་ལོས་ཏཱ་ཡང་ཐེངས་འདིའི་དམག་དོན་སྦྱོང་བརྡར་སྐབས་བེད་སྤྱོད་བྱས་ཡོད་པ་དང་། ལོས་ཏཱ་དེས་ཁྱབ་ཁོངས་སྟོང་རྨིད་ལྔ་བརྒྱ་བརྒལ་ཡོད་པ་དང་། མཐོ་ཚད་རྨིད་ཁྲི་གཉིས་དང་སྟོང་བདུན་ལས་བརྒལ་བའི་དམིགས་འབེན་ལྟ་ཞིབ་ཐུབ་ཟེར། 

བསྒྲགས་པ་ལྟར་ན། དབྱི་ལིང་དབྱི་སི་ལན་གསར་བརྗེའི་ཉེན་སྲུང་རུ་ཁག་གི་མཁའ་སྲུང་དམག་དཔུང་དང་དབྱི་ལིང་གི་མཁའ་དམག་སོགས་ཀྱིས་ཚེས་བཅུ་གཉིས་ཉིན་ནས་བཟུང་རྒྱལ་ཁབ་དེའི་དབུས་ཕྱོགས་ཀྱི་བྱེ་ཐང་ས་ཁུལ་དུ་དུས་ཡུན་ཉིན་གཉིས་ཀྱི་མཉམ་འབྲེལ་མཁའ་སྲུང་དམག་དོན་སྦྱོང་བརྡར་སྤེལ་མགོ་བརྩམས་པ་དང་། མཁའ་སྲུང་མ་ལག་དང་ལོས་ཏཱའི་མ་ལག གློག་རྡུལ་དམག་གྲབས་སྒྲིག་ཆས་སོགས་དམག་དོན་སྦྱོང་བརྡར་ལ་ཞུགས་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།