ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཤ་ཡཱའི་ཕན་ཚུན་རོགས་ལས་དང་ཡིད་ཆེས་བྱེད་ཐབས་གྲོས་ཚོགས་ཀྱི་ཕྱི་འབྲེལ་བློན་ཆེན་གྲོས་ཚོགས་ཐེངས་དྲུག་པ་ཧཱ་སག་སི་ཐན་ནས་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-10-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨེ་ཤ་ཡཱའི་ཕན་ཚུན་རོགས་ལས་དང་ཡིད་ཆེས་བྱེད་ཐབས་གྲོས་ཚོགས་ཀྱི་ཕྱི་འབྲེལ་བློན་ཆེན་གྲོས་ཚོགས་ཐེངས་དྲུག་པ་ཚེས་བཅུ་གཉིས་ཉིན་ཧཱ་སག་སི་ཐན་གྱི་རྒྱལ་ས་ནོའུ་ཨར་སུའུ་ཏན་ནས་སྤེལ། ཐེངས་འདིའི་གྲོས་ཚོགས་ཀྱི་བརྗོད་སྙིང་ནི་རིམས་ནད་དུས་སྐབས་རྗེས་མའི་ཨེ་ཤ་ཡཱའི་བདེ་འཇགས་དང་རྒྱུན་མཐུད་འཕེལ་རྒྱས་ཞེས་པ་དེ་ཡིན་ལ། ཨེ་ཤ་ཡཱའི་ཕན་ཚུན་རོགས་ལས་དང་ཡིད་ཆེས་བྱེད་ཐབས་གྲོས་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དང་ལྟ་ཞིབ་པ་བཞི་བཅུ་གྲོས་ཚོགས་ལ་ཞུགས། 

ཧཱ་སག་སི་ཐན་གྱི་ཙུང་ཐུང་ཐོག་མ་ནཱ་ཀྲ་ཨར་པཱ་ཡེ་ཧྥུའུ་ཡིས་གྲོས་ཚོགས་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བསྐུར། རྟེན་འབྲེལ་ཞུ་བའི་གློག་འཕྲིན་ལས་བསྟན་དོན། ཨེ་ཤ་ཡཱའི་ཕན་ཚུན་རོགས་ལས་དང་ཡིད་ཆེས་བྱེད་ཐབས་གྲོས་ཚོགས་བཙུགས་ནས་ད་ལྟའི་བར་ཨེ་ཤ་ཡཱའི་ས་ཁོངས་ཀྱི་བརྒྱ་ཆའི་དགུ་བཅུ་ཁེབས་ཡོད་པ་དང་། འཛམ་གླིང་མི་གྲངས་ཀྱི་ཕྱེད་ཀའི་ཡན་ཟིན་པའི་རྒྱལ་སྤྱིའི་ལས་ཁུངས་ཤིག་ཏུ་གྱུར་ཡོད་ལ། དབང་གྲགས་རང་བཞིན་ཇེ་ཆེར་སོང་ཡོད། བྱ་འགུལ་དེའི་དམིགས་ཡུལ་ནི་ཨེ་ཤ་ཡཱའི་བདེ་འཇགས་དང་གཏན་འཇགས་ཐད་བཟོད་སྒོམ་རང་བཞིན་གྱི་བར་སྟོང་གསར་གཏོད་བྱེད་དགོས་ཟེར། 

ཧཱ་སག་སི་ཐན་གྱི་ད་ལྟའི་ཙུང་ཐུང་ཐའོ་ཁཱ་ཡེ་ཧྥུའུ་ཡིས་ཚོགས་ཞུགས་འཐུས་མིར་ཐུག་འཕྲད་བྱེད་སྐབས་བཤད་རྒྱུར། ཡིད་ཆེས་སྲ་བརྟན་དུ་གཏོང་བ་དང་འཁྲུག་རྩོད་སྔོན་འགོག་བྱེད་པ་ནི་སྔར་བཞིན་ཨེ་ཤ་ཡཱའི་ཕན་ཚུན་རོགས་ལས་དང་ཡིད་ཆེས་བྱེད་ཐབས་གྲོས་ཚོགས་ཀྱི་རྨང་གཞི་ཡིན་པ་དང་། སྤྱི་བའི་འཕྲོད་བསྟེན་དང་བརྡ་འཕྲིན་ལག་རྩལ། འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བ་བཅས་ནི་ཨེ་ཤ་ཡཱའི་ཕན་ཚུན་རོགས་ལས་དང་ཡིད་ཆེས་བྱེད་ཐབས་གྲོས་ཚོགས་ཀྱིས་མཉམ་ལས་སྤེལ་བའི་ཐོག་མའི་ཁ་ཕྱོགས་ཡིན་ཟེར། 

གྲོས་ཚོགས་ལ་ཞུགས་པའི་ཁོངས་གཏོགས་རྒྱལ་ཁབ་དག་གིས་ཨེ་ཤ་ཡཱའི་ཕན་ཚུན་རོགས་ལས་དང་ཡིད་ཆེས་བྱེད་ཐབས་གྲོས་ཚོགས་ཀྱི་ས་ཁུལ་བདེ་འཇགས་གནས་བབ་དང་རིམས་ནད་ཀྱི་དུས་སྐབས་རྗེ་མའི་དཔལ་འབྱོར་འཕེལ་རྒྱས། སྲོལ་རྒྱུན་དང་སྲོལ་རྒྱུན་མ་ཡིན་པའི་བདེ་འཇགས་འཇིགས་ཉེན་དང་འགྲན་རྩོད་ཐག་གཅོད་བྱེད་པ། ཨེ་ཤ་ཡཱའི་ཕན་ཚུན་རོགས་ལས་དང་ཡིད་ཆེས་བྱེད་ཐབས་གྲོས་ཚོགས་ཀྱི་ཁྱབ་ཁོངས་སོ་སོའི་ཡིད་ཆེས་བྱེད་ཐབས་དངོས་འབེབ་བྱེད་པ་སོགས་ཀྱི་ཐད་ནས་བསམ་འཆར་བརྗེ་རེས་ཟབ་མོ་བྱས། གཅིག་གྱུར་སྒོས་བལྟས་ན། མཉམ་དུ་ཨེ་ཤ་ཡཱའི་ཕན་ཚུན་རོགས་ལས་དང་ཡིད་ཆེས་བྱེད་ཐབས་གྲོས་ཚོགས་ཀྱི་ཞི་བདེ་དང་མཉམ་ལས། བདེ་འཇགས་དང་འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་བའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དུ་འཇུག་དགོས་འདོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉིས་སྟོང་སུམ་ཅུ་ལོའི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་མྱུར་དུ་དངོས་འབེབས་བྱས་ཏེ། སྔར་ལས་སྟོབས་ལྡན་དང་ལྷད་མེད། བདེ་ཐང་བཅས་ཀྱི་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་བར་ཡིད་འཐད་བྱུང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་བརྩི་སྲུང་དང་ཀུན་གྱིས་ཁས་ལེན་པའི་རྒྱལ་སྤྱིའི་ཁྲིམས་སྲོལ་དང་རྩ་དོན་བརྩི་སྲུང་བྱས་ཏེ། ཕྱོགས་མང་མཉམ་ལས་ཀྱི་ཕན་འབྲས་དང་འགྲན་རྩོད་དང་འཇིགས་ཉེན་གསར་བ་ཐག་གཅོད་བྱེད་པར་རོགས་ལས་བྱེད་དགོས་པ་ནན་གྱིས་བསྟན་པར་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཐུན་སྒྲིལ་བྱས་ཏེ་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱས་ནས། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ནུས་པ་གལ་ཆེན་འདོན་སྤེལ་བྱེད་པར་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་། 

བསྒྲགས་པ་ལྟར་ན། ཐེངས་འདིའི་གྲོས་ཚོགས་ནས་ཨེ་ཤ་ཡཱའི་ཕན་ཚུན་རོགས་ལས་དང་ཡིད་ཆེས་བྱེད་ཐབས་གྲོས་ཚོགས་ཀྱི་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་གསལ་སྒྲོག་དང་ཨེ་ཤ་ཡཱའི་ཕན་ཚུན་རོགས་ལས་དང་ཡིད་ཆེས་བྱེད་ཐབས་གྲོས་ཚོགས་ཀྱི་མཁས་པའི་ཨུ་ཡོན་ལྷན་ཁང་གི་སྒྲིག་ཡིག་ལ་གྲོས་འཆམ་བྱུང་བ་དང་། ཨེ་ཤ་ཡཱའི་ཕན་ཚུན་རོགས་ལས་དང་ཡིད་ཆེས་བྱེད་ཐབས་གྲོས་ཚོགས་ཀྱི་ཡིད་ཆེས་བྱེད་ཐབས་དཀར་ཆག་ལེགས་བསྒྱུར་བྱས་པར་མ་ཟད། ཨེ་ཤ་ཡཱའི་ཕན་ཚུན་རོགས་ལས་དང་ཡིད་ཆེས་བྱེད་ཐབས་གྲོས་ཚོགས་ཀྱི་དྲུང་ཡིག་ཁྲུའུ་ཡི་ནོའུ་ཨར་སུའུ་ཏན་གྲོང་ཁྱེར་དུ་ཡོད་པའི་སྡོད་གནས་གསར་བའི་སྒོ་བྱང་གི་ཡོལ་རས་ཕྱེས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།