མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་ཀྱིས་རྒྱུན་མཐུད་ཐུབ་པའི་འགྲིམ་འགྲུལ་གྱིས་ཉིས་སྟོང་སུམ་ཅུ་ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་འབེན་དངོས་འབེབ་བྱེད་དགོས་པའི་ཚུལ་བསྟན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སྐབས་གཉིས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སའི་གོ་ལ་ཧྲིལ་བོའི་རྒྱུན་མཐུད་ཐུབ་པའི་འགྲིམ་འགྲུལ་ཚོགས་ཆེན་དེ་ཚེས་བཅུ་བཞི་ཉིན་ནས་ཚེས་བཅུ་དྲུག་ཉིན་བར་སྤེལ་རྒྱུ་ཡིན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་དཔོན་པོས་ཚེས་བཅུ་གཉིས་ཉིན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། ཚོགས་ཆེན་གྱིས་འཛམ་གླིང་ཡོངས་ཀྱི་རྒྱུན་མཐུད་འགྲིམ་འགྲུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉིས་སྟོང་སུམ་ཅུ་ལོའི་འཕེལ་རྒྱས་དམིགས་འབེན་དངོས་འབེབ་བྱེད་པར་ཕན་ནུས་ལྡན་པའི་རྒྱལ་སྤྱིའི་བརྗེ་རེས་དང་མཉམ་ལས་སྟེགས་བུ་འདོན་སྤྲོད་བྱེད་འདོད་ཡོད་ཟེར། 

སྐབས་འདིའི་ཚོགས་ཆེན་དེ་གཞུང་ལམ་དང་ལྕགས་ལམ། མཁའ་ལམ། ཆུ་ཐོག་སྐྱེལ་འདྲེན་སོགས་འགྲིམ་འགྲུལ་བྱེད་ཐབས་མང་བོའི་མདུན་དུ་ལྷག་པའི་ཉམས་ཉེན་དང་འགྲན་རྩོད་ལ་དམིགས་ཏེ། འཛམ་གླིང་ཡོངས་ཀྱི་རྒྱུན་མཐུད་འགྲིམ་འགྲུལ་འཕེལ་རྒྱས་ལ་བྱེ་བྲག་གི་ཐག་གཅོད་ཇུས་གཞི་འདོན་སྤྲོད་བྱེད་དགོས་ཟེར། 

རྒྱུས་ལོན་བྱུང་བ་ལྟར་ན། སྐབས་འདིའི་ཚོགས་ཆེན་གྱི་གྲོས་རིམ་ལ་རྒྱུན་མཐུད་འགྲིམ་འགྲུལ་ཁྲོད་ཁེ་ལས་ཀྱི་གོ་གནས་དང་ཚན་རྩལ་གསར་གཏོད་སོགས་ཀྱི་གྲོས་གཞི་འདུས། རྒྱུན་མཐུད་ཐུབ་པའི་འགྲིམ་འགྲུལ་གྱིས་སྔར་ལས་ལྷག་པའི་སྒོ་ནས་ཕྱོགས་སོ་སོའི་རེ་འདོད་སྐུལ་སྤེལ་བྱས་ཏེ། རྒྱལ་ཁབ་སོ་སོའི་སྲིད་གཞུང་དང་ལས་རིགས་སོ་སོ། མང་ཚོགས་བཅས་རྒྱ་ཆེར་ཟབ་ཞུགས་བྱེད་དུ་འཇུག་དགོས་པར་བསྟན་དོན་ཡོད། 

སྐབས་འདིའི་ཚོགས་ཆེན་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཙོ་སྒྲུབ་བྱས་པ་དང་ཀྲུང་གོའི་སྲིད་གཞུང་གིས་སྒྲུབ་འགན་ཁུར། བརྗོད་སྙིང་ནི་རྒྱུན་མཐུད་ཐུབ་པའི་འགྲིམ་འགྲུལ་དང་རྒྱུན་མཐུད་ཀྱི་འཕེལ་རྒྱས་ཞེས་པ་དེ་རེད། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།