ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཨུ་རུ་སིར་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཁང་གི་རྐུ་འཕྲོག་ལ་འབྲེལ་བ་ཡོད་པའི་མི་སྣ་གསུམ་རང་གི་མངའ་ཁོངས་དང་འབྲལ་དུ་འཇུག་རྒྱུ་ཐག་བཅད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-10-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲ་ཧཱ་ལོ་ཝ་ཡིས་ཚེས་དགུ་ཉིན་བཤད་རྒྱུར། ཨུ་རུ་སིར་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཁང་གི་རྐུ་འཕྲོག་ལ་འབྲེལ་བ་ཡོད་པའི་མི་སྣ་གསུམ་རང་གི་མངའ་ཁོངས་དང་འབྲལ་དུ་འཇུག་རྒྱུ་ཐག་བཅད་ཟེར། 

ཀྲ་ཧཱ་ལོ་ཝ་ཡིས་ཉིན་དེར་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། རྒྱབ་ཁུག་རྐུ་འཕྲོག་བྱས་པར་འབྲེལ་བ་ཡོད་པའི་ཨུ་རུ་སིར་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཁང་གི་ལས་བྱེད་མི་སྣ་ཨུ་རུ་སིའི་མངའ་ཁོངས་དང་འབྲལ་དགོས་པའི་ཆོད་དོན་སྤེལ་དགོས་ཟེར། ཁོ་མོས་ད་རུང་ཁ་གསབ་ཀྱི་ཚུལ་དུ་བཤད་རྒྱུར། རང་གིས་ཤེས་པ་ལྟར་ན་རྒྱབ་ཁུག་ད་ལྟའི་བར་ཕྱིར་བདག་པོར་སྤྲད་མེད་ཟེར། 

ཨུ་རུ་སིའི་གསར་འགྱུར་ལས་རིགས་ཀྱིས་ཚེས་བརྒྱད་ཉིན་བསྒྲགས་པ་ལྟར་ན། ཨུ་རུ་སིའི་ཕྱོགས་ཀྱིས་ཨ་མེ་རི་ཁའི་གཞུང་ཚབ་ཁང་ལ་བརྡ་བཏང་སྟེ་ཨ་མེ་རི་ཁའི་གཞུང་ཚབ་ཁང་གི་ལས་བྱེད་མི་སྣ་གསུམ་གྱི་ཕྱི་འབྲེལ་སྲོག་སྐྱོབ་དབང་ཆ་རྩིས་མེད་དུ་བཏང་ནས་ཁོ་ཚོའི་ཉེས་དོན་འགན་འཁྲི་རྩད་གཅོད་བྱེད་རྒྱུའི་རེ་བ་བཏོན། མི་དེ་གསུམ་གྱིས་ཨུ་རུ་སིའི་སྤྱི་དམངས་ཤིག་གི་རྒྱུ་ནོར་འཕྲོག་པའི་དོགས་གཞི་ཡོད། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་བསྟན་དོན། གལ་ཏེ་ཨ་མེ་རི་ཁ་ཕྱོགས་ཀྱིས་ཨུ་རུ་སིའི་ཕྱི་འབྲེལ་སྲོག་སྐྱོབ་དབང་ཆ་རྩིས་མེད་དུ་གཏོང་བའི་རེ་བ་རྩིས་མེད་དུ་མ་བཏང་ན། ཨ་མེ་རི་ཁའི་གཞུང་ཚབ་ཁང་གི་ལས་བྱེད་མི་སྣ་དེ་གསུམ་ངེས་པར་དུ་མྱུར་མོར་ཨུ་རུ་སིའི་མངའ་ཁོངས་དང་འབྲལ་དགོས་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།