དབྱི་རག་གིས་སྐབས་གསར་བའི་རྒྱལ་དམངས་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་རག་གིས་སྐབས་གསར་བའི་རྒྱལ་དམངས་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་དེ་ཚེས་བཅུ་ཉིན་གྱི་ཞོགས་པའི་དུས་ཚོད་བདུན་ནས་དངོས་སུ་སྤེལ་མགོ་བརྩམས། 

དབྱི་རག་རང་བཙན་མཐོ་རིམ་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་སྤེལ་བའི་གཞི་གྲངས་ལྟར་ན། སྲིད་ཏང་དང་ཆབ་སྲིད་ཚོགས་པ་སོགས་བརྒྱ་དང་རེ་བདུན་ནས་ཡོང་བའི་འདེམ་སྒུག་མི་སྣ་སྟོང་གསུམ་དང་ཉིས་བརྒྱ་ཞེ་དགུ་ཡིས་སྐབས་གསར་བའི་རྒྱལ་དམངས་གྲོས་ཁང་གི་ལས་གནས་སུམ་བརྒྱ་དང་ཉེར་དགུར་འགྲན་རྩོད་བྱེད་རྒྱུ་རེད། ཐེངས་འདིའི་འདེམ་བསྐོའི་བྱ་འགུལ་ལ་ཐོ་འགོད་བྱས་པའི་འདེམ་དམངས་ཧ་ལམ་བྱེ་བ་གཉིས་དང་ས་ཡ་བཞི་ཡོད་པ་དང་། དབྱི་རག་གི་མངའ་ཁོངས་སུ་འདེམ་ཤོག་འཕེན་ས་སྟོང་བརྒྱད་དང་ཉིས་བརྒྱ་དོན་གསུམ་བཀོད་སྒྲིག་བྱས་ཡོད། 

འདེམ་ཤོག་འཕེན་པའི་བྱ་འགུལ་ནི་ས་དེའི་ཚེས་བཅུ་ཉིན་གྱི་ཕྱི་དྲོའི་དུས་ཚོད་དགུ་བར་སྤེལ་རྒྱུ་ཡིན་པ་དང་། ཚོད་དཔག་བྱས་ན་འདེམ་བསྐོའི་མཇུག་འབྲས་དེ་འདེམ་ཤོག་འཕེན་པའི་བྱ་འགུལ་མཇུག་སྒྲིལ་རྗེས་ཀྱི་དུས་ཚོད་ཉེར་བཞིའི་རྗེས་སུ་ཁྱབ་སྒྲོག་བྱེད་རྒྱུ་རེད། 

བདེ་འཇགས་ལ་བསམ་བློ་བཏང་སྟེ་དབྱི་རག་རྒྱལ་ཡོངས་ནས་འདེམ་བསྐོའི་སྐབས་སུ་གནམ་གྲུ་ཐང་དང་མཐའ་མཚམས་གྲུ་ཁའི་སྒོ་བརྒྱབ་པ་དང་། མི་སྣ་དང་རླངས་འཁོར་སོགས་ཞིང་ཆེན་བརྒལ་ནས་འགྲོ་བར་གཏན་འགོག་བྱས་ཡོད། 

ཐེངས་འདིའི་འདེམ་བསྐོའི་བྱ་འགུལ་ནི་ཉིས་སྟོང་གསུམ་ལོར་དབྱི་རག་གི་འཐབ་འཁྲུག་བྱུང་རྗེས་སྤེལ་བའི་རྒྱལ་དམངས་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་ཐེངས་ལྔ་བ་ཡིན་ཞིང་། ཉིས་སྟོང་བཅུ་དགུ་ལོའི་ཟླ་བཅུ་གཉིས་པར་གྲོས་འཆམ་བྱུང་བའི་རྒྱལ་དམངས་གྲོས་ཁང་གི་འདེམ་བསྐོའི་བཅའ་ཁྲིམས་གསར་བ་ལྟར་ན། ཐེངས་འདིའི་འདེམ་བསྐོའི་བྱ་འགུལ་ལས་དབྱི་རག་རྒྱལ་ཡོངས་ཀྱི་ཞིང་ཆེན་བཅོ་བརྒྱད་དེ་འདེམ་ཤོག་འཕེན་ས་གྱ་གསུམ་དུ་དགར་ཡོད་པར་མ་ཟད། ཐོག་དང་པོར་སྒེར་གྱི་འདེམ་སྒུག་མི་སྣ་འདེམ་བསྐོ་ལ་ཞུགས་པར་ཆོག་མཆན་བཀོད་པ་རེད། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།