ཀྲུང་གོའི་ནུབ་ཕྱོགས་འཐབ་ཁུལ་གྱི་གསར་འགྱུར་མགྲིན་ཚབ་པས་ཀྲུང་གོ་དང་རྒྱ་གར་གྱི་སྐོར་ཐེངས་བཅུ་གསུམ་པའི་དམག་དཔོན་རིམ་པའི་གྲོས་མོལ་ཐད་ནས་གཏམ་བཤད་སྤེལ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གི་ནུབ་ཕྱོགས་འཐབ་ཁུལ་གྱི་གསར་འགྱུར་མགྲིན་ཚབ་པ་ལུང་ཧྲའོ་ཧྭ་ཡིས་ཀྲུང་གོ་དང་རྒྱ་གར་གྱི་སྐོར་ཐེངས་བཅུ་གསུམ་པའི་དམག་དཔོན་རིམ་པའི་གྲོས་མོལ་ཐད་ནས་གཏམ་བཤད་སྤེལ་ཏེ་བསྟན་དོན། ཟླ་བཅུ་བའི་ཚེས་བཅུ་ཉིན། ཀྲུང་གོ་དང་རྒྱ་གར་གྱི་དམག་དཔུང་གིས་མའོ་ཨར་ཏའོ་ཁྲུའུ་ཧྲུའུ་ལེའི་གྲོས་མོལ་བྱེད་སའི་ཀྲུང་གོའི་ཕྱོགས་ནས་སྐོར་ཐེངས་བཅུ་གསུམ་པའི་དམག་དཔོན་རིམ་པའི་གྲོས་མོལ་སྤེལ། གྲོས་མོལ་བྱེད་སྐབས་ཀྲུང་གོའི་ཕྱོགས་ཀྱིས་ཀྲུང་གོ་དང་རྒྱ་གར་རྒྱལ་ཁབ་གཉིས་ཀྱི་དམག་དཔུང་གི་འབྲེལ་བར་སྲུང་སྐྱོབ་བྱེད་པའི་ཆེ་ཕྱོགས་ལ་དམིགས་ཏེ། མཐའ་མཚམས་གནས་བབ་ཞི་འཇགས་སུ་གཏོང་བར་སྐུལ་འདེད་གཏོང་བའི་ཐད་འབད་འབུངས་བྱེད་རྒྱུའི་ལྷག་བསམ་མངོན་པར་མཚོན་ཡོད་ཀྱང་། རྒྱ་གར་ཕྱོགས་ཀྱིས་སྔར་བཞིན་ལུགས་མཐུན་མིན་ལ་དོན་དངོས་དང་མི་འཚམ་པའི་རེ་བ་རྒྱུན་འཁྱོངས་བྱས་པས་གྲོས་མོལ་ལ་དཀའ་ཁག་ཆེན་པོ་འབྱུང་དུ་བཅུག་ཡོད། ཀྲུང་གོའི་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་ལ་སྲུང་སྐྱོབ་བྱེད་པའི་ཆོད་སེམས་བརྟན་པོ་འགྱུར་མི་སྲིད་པ་དང་། རྒྱ་གར་ཕྱོགས་ཀྱིས་གནས་བབ་ལ་ནོར་འཆུག་གི་ལྟ་ཚུལ་མི་འཛིན་པར་མིག་སྔའི་ཀྲུང་གོ་དང་རྒྱ་གར་གྱི་མཐའ་མཚམས་ས་ཁུལ་གྱི་ཐོབ་པར་དཀའ་བའི་གནས་བབ་ལ་གཅེས་སྤྲས་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་དམག་དཔུང་གི་འབྲེལ་ཡོད་གྲོས་ཆོད་དང་ཐུན་མོང་ལྟ་ཚུལ་བརྩི་སྲུང་བྱས་ཏེ། ལྷག་བསམ་རྣམ་པར་དག་པའི་འགུལ་སྐྱོད་སྤེལ་ནས་ཀྲུང་གོ་དང་མཉམ་དུ་མཐའ་མཚམས་ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་དགོས་ཟེར། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།