ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གྱིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་འབྲེལ་་ཡོད་གྲོས་མོལ་འཕེལ་རིམ་དེ་མྱུར་མོར་སླར་གསོ་བྱེད་དགོས་པའི་ཚུལ་བསྟན།

ཡོང་ཁུངས། : གངས་ལྗོངས་མེ་ལོང་།   རྩོམ་པ་པོ། : བསོད་ནམས་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2021-10-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས་དྲུག་ཉིན་བསྟན་དོན། ཨུ་རུ་སི་དང་དབྱི་ལིང་གིས་གཅིག་གྱུར་སྒོས་བལྟས་ན། ཨོ་སི་ཁྲུ་རི་ཡཱའི་རྒྱལ་ས་ཝེ་ཡེ་ནཱ་ནས་སྤེལ་བའི་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་འབྲེལ་ཡོད་གྲོས་མོལ་འཕེལ་རིམ་དེ་མྱུར་མོར་སླར་གསོ་བྱེད་དགོས་པར་འདོད་ཟེར། 

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་སྤེལ་བའི་གསལ་སྒྲོག་ལྟར་ན། ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས་དྲུག་ཉིན་འཚམས་འདྲིར་ཡོང་བའི་དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཨ་པུའུ་ཏུའུ་ལཱ་ཞེ་དབྱང་དང་གྲོས་མོལ་བྱས། ལཱ་ཧྥུའུ་ལོ་ཧྥུའུ་ཡིས་གྲོས་མོལ་བྱས་རྗེས་ཀྱི་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། ཕྱོགས་གཉིས་ཀྱིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་འབྲེལ་ཡོད་གནད་དོན་ལ་གྲོས་བསྡུར་བྱས། ཕྱོགས་སོ་སོས་གྲོས་མཐུན་གྱི་ཆེས་ཐོག་མའི་གཏན་འཁེལ་གྱི་ཁེ་ཕན་དོ་མཉམ་བརྩི་སྲུང་བྱས་པའི་རྨང་གཞིའི་སྟེང་ཕྱོགས་ཡོངས་ནས་གྲོས་མཐུན་གྱི་ནང་དོན་ལག་བསྟར་བྱས་ན་གྲོས་མཐུན་དེ་ད་གཟོད་སླར་གསོ་བྱེད་ཐུབ། ཨུ་རུ་སི་དང་དབྱི་ལིང་ཕྱོགས་གཉིས་ཀྱིས་གཅིག་གྱུར་སྒོས་བལྟས་ན། ཝེ་ཡེ་ནཱ་ནས་སྤེལ་བའི་འབྲེལ་ཡོད་གྲོས་མོལ་འཕེལ་རིམ་མྱུར་མོར་སླར་གསོ་བྱེད་དགོས་པར་འདོད། 

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བསྟན་དོན། གྲོས་མོལ་ནི་མ་གཞིའི་དམིགས་ཡུལ་མིན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨ་མེ་རི་ཁ་ཡང་བསྐྱར་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ནང་ཞུགས་པ་དང་། དབྱི་ལིང་དང་དེའི་དཔལ་འབྱོར་ཉོ་ཚོང་གྲོགས་པོར་དམིགས་པའི་ཁྲིམས་འགལ་གྱི་བཀག་སྡོམ་མེད་པར་གཏོང་བར་རེ་སྒུག་བྱས་ཡོད། རྒྱལ་ཁབ་རེ་འགས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་སླར་གསོ་བྱས་ཏེ་དབྱི་ལིང་བར་གྱི་གྲོས་མཐུན་ལ་འབྲེལ་བ་མེད་པའི་གནད་དོན་ཐད་ནས་གྲོས་འཆམ་འབྱུང་བར་བརྩོན་ལེན་བྱེད་རྩིས་ཡོད། ཨུ་རུ་སིའི་ཕྱོགས་ཀྱིས་བལྟས་ན། བྱེད་ཐབས་དེ་རིགས་ལ་མདུན་ལྗོངས་ཅི་ཡང་མེད་པར་འདོད།  

དབྱི་ལིང་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལས་གཞན་རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་བློན་ཆེན་གྱིས་ད་རུང་ཡེ་མིན་དང་ཨ་ཧྥུའུ་ཧན་གྱི་གནས་བབ་སོགས་གནད་དོན་ལ་གྲོས་བསྡུར་བྱས་པར་མ་ཟད། སྔར་ལས་ལྷག་པའི་སྒོ་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་ཇེ་ཟབ་ཏུ་གཏོང་རྒྱུའི་ཚུལ་བསྟན། ཨ་པུའུ་ཏུའུ་ལཱ་ཞེ་དབྱང་གིས་བསྟན་དོན། དབྱི་ལིང་གིས་མི་འགྱངས་པར་སྤེལ་རྒྱུ་ཡིན་པའི་འབྲེལ་ཡོད་གྲོས་མོལ་ཚོགས་འདུའི་ཁྲོད་གྲུབ་འབྲས་མངོན་གསལ་ཐོབ་པར་འགན་སྲུང་བྱེད་དགོས། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་སླར་གསོ་བྱེད་པ་དེ་དབྱི་ལིང་སྲིད་གཞུང་གིས་རྒྱུན་མཐུད་དཔལ་འབྱོར་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱེད་པར་ཕན་ཐོགས་ཡོད་ལ། དབྱི་ལིང་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱིས་མྱུར་མོར་འཐབ་ཇུས་མཉམ་ལས་ཡིག་ཆ་ཞིག་འགོད་རྒྱུ་ཡིན་ཟེར། 

གཞན་ཡང་ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚེས་དྲུག་ཉིན་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་པུའུ་ལིན་ཁུན་གྱིས་ཉིན་དེར་ལཱ་ཧྥུའུ་ལོ་ཧྥུའུ་ལ་ཁ་པར་བཏང་སྟེ། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གནད་དོན་དང་ཕྱོགས་གཉིས་ཀྱི་འབྲེལ་བར་གྲོས་བསྡུར་བྱས། ཕྱོགས་གཉིས་ཀྱིས་ཨ་མེ་རི་ཁ་དང་དབྱི་ལིང་གིས་མྱུར་མོར་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་སླར་གསོ་བྱེད་པའི་གལ་ཆེན་རང་བཞིན་ལ་ཁས་ལེན་བྱས། 

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།