ཡོ་རོབ་གླིང་མནའ་བྲེལ་དང་པཱ་ཨར་ཀན་ནུབ་མའི་མཐོ་རིམ་གྲོས་ཚོགས་ནས་ཡོ་རོབ་གླིང་མནའ་འབྲེལ་གྱི་ཤར་ཕྱོགས་རྒྱ་བསྐྱེད་སོགས་གནད་དོན་ལ་གྲོས་བསྡུར་བྱས།

ཡོ་རོབ་གླིང་མནའ་བྲེལ་དང་པཱ་ཨར་ཀན་ནུབ་མའི་མཐོ་རིམ་གྲོས་ཚོགས་ཚེས་དྲུག་ཉིན་སི་ལོ་ཝུན་ནེ་ཡཱའི་རྒྱལ་ས་ལུའུ་པུའུ་ཨར་ཡཱ་ནཱ་ཉེ་འདབས་ཀྱི་པུའུ་ཨར་ཏའོ་མཁར་རྫོང་ནས་སྤེལ། གྲོས་ཚོགས་ལ་ཞུགས་པའི་མགོ་ཁྲིད་པ་དག་གིས་ཡོ་རོབ་གླིང་མནའ་འབྲེལ་གྱི་ཤར་ཕྱོགས་རྒྱ་བསྐྱེད་དང་། པྲོག་གསར་གློ་ཚད་རིམས་ནད་ཀྱི་གནས་བབ་འོག་གི་མཉམ་ལས་དང་དཔལ་འབྱོར་སླར་གསོ་སོགས་གནད་དོན་ལ་གྲོས་བསྡུར་བྱས། 

གྲོས་ཚོགས་ནས་གྲོས་འཆམ་བྱུང་བའི་པུའུ་ཨར་ཏའོ་བསྒྲགས་གཏམ་ལྟར་ན། ཡོ་རོབ་གླིང་མནའ་འབྲེལ་གྱིས་རང་གི་རྒྱ་བསྐྱེད་འཕེལ་རིམ་གྱི་དམ་བཅའ་བསྐྱར་སྒྲོག་བྱས་ཀྱང་། མཉམ་ལས་གྲོགས་པོའི་བཅོས་བསྒྱུར་དང་འདྲ་མཉམ། གཟབ་ནན་གྱི་ཟུར་སྣོན་ཆ་རྐྱེན་སོགས་ལ་གཞིགས་ན་ད་གཟོད་དགོས་ངེས་ཀྱི་ཆོད་དོན་སྤེལ་ཐུབ་ཟེར། ཡོ་རོབ་གླིང་མནའ་འབྲེལ་གྱིས་སྔར་ལས་ལྷག་པར་མཉམ་ལས་ལ་ཤུགས་སྣོན་བྱེད་པ་དང་། པཱ་ཨར་ཀན་ནུབ་མ་ས་ཁུལ་གྱི་ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས་བཅས་ཀྱི་འཕེལ་སྟངས་བསྒྱུར་བར་སྐུལ་འདེད་གཏོང་དགོས། པཱ་ཨར་ཀན་ནུབ་མའི་རྒྱལ་ཁབ་དང་ས་ཁུལ་གྱིས་ཡོ་རོབ་གླིང་གི་རིན་ཐང་ལྟ་བ་དང་རྩ་དོན་ལག་བསྟར་བྱེད་རྒྱུ་མ་ཟད་དགོས་ངེས་ཀྱི་བཅོས་བསྒྱུར་བྱེད་རྒྱུ་བསྐྱར་སྒྲོག་བྱས། 

རིམས་ནད་འགོག་བཅོས་ཐད་ནས་ཡོ་རོབ་གླིང་མནའ་འབྲེལ་གྱིས་མུ་མཐུད་དུ་པཱ་ཨར་ཀན་ནུབ་མ་ས་ཁུལ་ལ་རྒྱབ་སྐྱོར་བྱས་ཤིང་། པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་སྔར་ལས་མང་བོ་འདོན་སྤྲོད་བྱས་ཏེ། ས་ཁུལ་དེར་ཉིས་སྟོང་ཉེར་གཅིག་ལོའི་ལོ་མཇུག་གི་སྔོན་ལ་འགོག་སྨན་བརྒྱབ་པའི་ཚད་ཡོ་རོབ་གླིང་མནའ་འབྲེལ་གྱི་ཆ་སྙོམས་ཆུ་ཚད་དུ་བསླེབས་པ་མངོན་འགྱུར་བྱེད་པར་རོགས་རམ་བྱེད་རྒྱུ་ཁས་ལེན་བྱས། 

དེ་ལས་གཞན་ཡོ་རོབ་གླིང་མནའ་འབྲེལ་གྱིས་ད་རུང་གཞི་རྒྱ་ཆེ་བའི་དངུལ་གཏོང་འཆར་གཞི་ཞིག་བཏོན་པ་དང་། མ་འོངས་པའི་ལོ་ངོ་བདུན་ནང་པཱ་ཨར་ཀན་ནུབ་མ་ས་ཁུལ་དུ་ཡོ་སྒོར་ཐེར་ཆེན་གསུམ་གྱི་མ་དངུལ་གཏོང་རྒྱུ་ཡིན་པ་དང་། དེའི་ནང་ཡོ་སྒོ་ཐེར་འབུམ་དགུའི་རོགས་སྐྱོར་དང་ཡོ་སྒོར་ཐེར་ཆེན་གཉིས་ཀྱི་དངུལ་གཏོང་འདུས་ཡོད། བསྒྲགས་གཏམ་ལས་བཤད་རྒྱུར། འཆར་གཞི་དེས་པཱ་ཨར་ཀན་ནུབ་མ་ས་ཁུལ་གྱི་དུས་ཡུན་རིང་བོའི་ལྷད་མེད་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་སླར་གསོ་དང་འགྲན་རྩོད་ནུས་པར་སྐུལ་འདེད་གཏོང་ཐུབ་པ་དང་། དེའི་ལྷད་མེད་དང་གྲངས་ལྡན་གྱི་འཕེལ་སྟངས་བསྒྱུར་བར་རྒྱབ་སྐྱོར་བྱེད་པ་དང་། རྒྱུན་མཐུད་ཀྱི་གཅིག་བརྟེན་གཅིག་སྦྲེལ་དང་ས་ཁོངས་གཞི་གཅིག་ཅན། ཉོ་ཚོང་བཅས་ལ་ཡར་སྐུལ་བྱས་ཏེ་ཡོ་རོབ་གླིང་མནའ་འབྲེལ་བར་གྱི་མཉམ་ལས་དང་མཉམ་འདྲེས་ལ་ཤུགས་སྣོན་བྱེད་དགོས་ཟེར། 

ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥུན་ཏི་ལའེ་ཨིན་གྱིས་མཐོ་རིམ་གྲོས་ཚོགས་གྲོལ་རྗེས་སྤེལ་བའི་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། པཱ་ཨར་ཀན་ནུབ་མ་ས་ཁུལ་མེད་ན་ཡོ་རོབ་གླིང་མནའ་འབྲེལ་ཆ་ཚང་མིན་པས། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་མུ་མཐུད་དུ་འབད་བརྩོན་བྱས་ཏེ་དེའི་རྒྱ་བསྐྱེད་འཕེལ་རིམ་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར། 

ཡིན་ཡང་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཐེངས་འདིའི་གྲོས་ཚོགས་སྐབས་སུ་ཨར་པཱ་ནི་ཡཱ་དང་སེར་ཝེ་ཡཱ། མཱ་ཆི་ཏོན་བྱང་མ་སོགས་འདུས་པའི་ས་ཁུལ་གྱི་གྲོགས་པོ་དག་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པར་བྱེ་བྲག་གི་དུས་ཚོད་གཏན་འཁེལ་བྱས་མེད། 

ཐེངས་འདིའི་མཐོ་རིམ་གྲོས་ཚོགས་ནི་སི་ལོ་ཝུན་ནེ་ཡཱ་ཡིས་ཉིས་སྟོང་ཉེར་གཅིག་ལོའི་ལོ་སྨད་དུ་ཡོ་རོབ་གླིང་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་བའི་སྐབས་ཀྱི་གྲོས་རིམ་གལ་ཆེན་ཞིག་ཡིན་པ་དང་། ཡོ་རོབ་གླིང་མནའ་འབྲེལ་དང་དེའི་ཁོངས་གཏོགས་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་དང་། པཱ་ཨར་ཀན་ནུབ་མའི་རྒྱལ་ཁབ་དང་ས་ཁུལ་གྱི་མགོ་ཁྲིད་པ། དེ་མིན་ཡོ་རོབ་གླིང་གི་དངུལ་གཏོང་དངུལ་གཏོང་ཁང་དང་འཛམ་གླིང་དངུལ་ཁང་སོགས་རྩ་འཛུགས་ཀྱི་འཐུས་མི་གྲོས་ཚོགས་ལ་ཞུགས་ཡོད། 

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།