ཀྲུང་གོ་བོད་ཀྱི་དྲ་བ།

ཅོར་ཏན་གྱིས་སི་རི་ཡཱ་བརྒྱུད་དེ་ལེ་པཱ་ནུན་དུ་གློག་ཤུགས་སྐྱེལ་འདྲེན་བྱེད་རྒྱུ་རེད།

ཡོང་ཁུངས། : གངས་ལྗོངས་མེ་ལོང་།   རྩོམ་པ་པོ། : བསོད་ནམས་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2021-10-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཅོར་ཏན་དང་སི་རི་ཡཱ། ལེ་པཱ་ནུན་བཅས་རྒྱལ་ཁབ་གསུམ་གྱི་ནུས་ཁུངས་པུའུ་ཀྲང་གིས་ཚེས་དྲུག་ཉིན་ཅོར་ཏན་གྱི་རྒྱལ་ས་ཨན་མན་ནས་གྲོས་མཐུན་བཀོད་དེ། ཅོར་ཏན་གྱི་གློག་ཤུགས་དེ་སི་རི་ཡཱའི་གློག་དྲ་བརྒྱུད་དེ་ལེ་པཱ་ནུན་དུ་སྐྱེལ་འདྲེན་བྱས་ནས། ལེ་པཱ་ནུན་མྱུར་དུ་ནུས་ཁུངས་དཀོན་པའི་ཉམས་ཉེན་ལས་ཐར་བར་རོགས་རམ་བྱེད་པར་ཡིད་འཐད་བྱུང་། 

རྒྱལ་ཁབ་གསུམ་གྱི་ནུས་ཁུངས་པུའུ་ཀྲང་གིས་ཉིན་དེར་ཨན་མན་ནས་གྲོས་ཚོགས་བསྡུས། ཅོར་ཏན་གྱི་ནུས་ཁུངས་བློན་ཆེན་ཧཱ་ལཱ་ཀྲ་ཝ་ཐིས་ཀྱིས་གྲོས་ཚོགས་གྲོལ་རྗེས་སྤེལ་བའི་གསལ་སྒྲོག་ནང་བཤད་རྒྱུར། རྒྱལ་ཁབ་གསུམ་གྱི་པུའུ་ཀྲང་གིས་ཅོར་ཏན་དང་སི་རི་ཡཱའི་གློག་དྲ་སླར་གསོ་བྱེད་པའི་འགུལ་སྐྱོད་འཆར་གཞི་དང་དུས་ཚོད་རེའུ་མིག་ཐད་ནས་གྲོས་མཐུན་བཀོད་པར་མ་ཟད། འབྲེལ་ཡོད་ལག་རྩལ་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་རེད། ཅོར་ཏན་དང་སི་རི་ཡཱའི་གློག་དྲ་སླར་གསོ་བྱས་པ་དེ་ལེ་པཱ་ནུན་དུ་གློག་ཤུགས་འདོན་སྤྲོད་བྱེད་པའི་འཆར་གཞིའི་ལས་རིམ་དང་པོར་གྱུར་ཡོད། 

སི་རི་ཡཱའི་གློག་ཤུགས་པུའུ་ཀྲང་ཅཱ་སིང་ཀྲ་མེད་ལེ་ཡིས་བསྟན་དོན། སི་རི་ཡཱའི་ལག་རྩལ་ཚོགས་ཁག་གིས་རྒྱལ་ཁབ་རང་གི་གློག་དྲར་དགོས་ངེས་ཀྱི་ཞིག་གསོ་བྱེད་མགོ་བརྩམས་པ་དང་། ཧ་ལམ་ཟླ་ངོ་གསུམ་གྱི་དུས་ཚོད་མཁོ་ཟེར། ལཱ་པཱ་ནུན་གྱི་ནུས་ཁུངས་པུའུ་ཀྲང་ཝ་ལེ་ཏི་ཧྥ་ཡེ་ཙི་ཡིས་བསྟན་དོན། ལེ་པཱ་ནུན་གྱིས་འཛམ་གླིང་དངུལ་ཁང་བར་འབྲེལ་འདྲིས་བྱས་ནས་འབྲེལ་ཡོད་ནུས་ཁུངས་སྐྱེལ་འདྲེན་གྱི་གྲོས་མཐུན་ལ་མཁོ་བའི་མ་དངུལ་དངོས་འབེབ་བྱེད་བཞིན་ཡོད་ཟེར། 

ཅོར་ཏན་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ཅོར་ཏན་དང་སི་རི་ཡཱའི་བར་གྱི་གློག་དྲ་དེ་ཉིས་སྟོང་གཅིག་ལོར་སྦྲེལ་མཐུད་ཡོངས་འགྲུབ་བྱས་ཀྱང་། ཉིས་སྟོང་བཅུ་གཉིས་ལོར་ཕན་ཚུན་འབྲེལ་བའི་ཞབས་ཞུ་མཚམས་བཞག་པ་རེད། སི་རི་ཡཱ་དང་ལེ་པཱ་ནུན་གྱི་བར་དུ་གློག་ཤུགས་སྐྱེལ་འདྲེན་གློག་དྲ་མང་བོ་སྦྲེལ་མཐུད་བྱས་ཡོད་པ་རེད། 

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།