ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་ཨེ་ཙེ་ཨོ་ཕི་ཡཱ་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་བདུན་མཐར་སྐྲོད་གཏོང་རྒྱུ་ཁྱབ་བསྒྲགས་བྱས་པར་ཧ་ལས་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-10-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཟླ་དགུ་བའི་ཚེས་སུམ་ཅུ་ཉིན་གསལ་སྒྲོག་སྤེལ་ཏེ། ཨེ་ཙེ་ཨོ་ཕི་ཡཱའི་སྲིད་གཞུང་གིས་ཉིན་དེར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་བདུན་མཐར་སྐྲོད་གཏོང་རྒྱུ་ཁྱབ་བསྒྲགས་བྱས་པར་ཧ་ལས་པའི་ཚུལ་བསྟན།

ཀུའུ་ཐི་ལོས་སི་ཡིས་གསལ་སྒྲོག་ནང་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཆོས་རིང་ལུགས་འགུལ་སྐྱོད་གང་ཡིན་ཡང་མི་ཆོས་དང་དྲང་བདེན། དབུས་གནས། སྒེར་ཚུགས་བཅས་ཀྱི་རྩ་དོན་བརྩི་སྲུང་བྱས་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཨེ་ཙེ་ཨོ་ཕི་ཡཱ་ནས་ཚེ་སྲོག་སྐྱོབ་པའི་འགུལ་སྐྱོད་སྤེལ་ཏེ། ཟས་རིགས་དང་སྨན་རྫས། འཐུང་ཆུ། འཕྲོད་བསྟེན་སྒྲིག་ཆས་བཅས་འདོན་སྤྲོད་བྱས་ཡོད། ཁོས་ཨེ་ཙེ་ཨོ་ཕི་ཡཱ་རུ་མི་ཆོས་རིང་ལུགས་ཀྱི་བྱ་བ་གཉེར་བཞིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་སྣར་ཡིད་ཆེས་ཆེན་པོ་བྱས་ཡོད་ཟེར། ཁོས་ཨེ་ཙེ་ཨོ་ཕི་ཡཱའི་སྲིད་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་བདུན་དགའ་བསུ་མི་བྱེད་པའི་མི་སྣར་ཁྱབ་བསྒྲགས་བྱས་པར་ཧ་ལས་པའི་ཚུལ་བསྟན། 

གསལ་སྒྲོག་ལས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མི་ཆོས་རོགས་སྐྱོར་ལ་བརྟེན་པའི་ཨེ་ཙེ་ཨོ་ཕི་ཡཱའི་མི་དམངས་ལ་རོགས་རམ་བྱེད་པར་འབད་བཞིན་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཨེ་ཙེ་ཨོ་ཕི་ཡཱའི་སྲིད་གཞུང་བར་འབྲེལ་འདྲིས་བྱས་ཏེ། ཨེ་ཙེ་ཨོ་ཕི་ཡཱ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་སྣས་མུ་མཐུད་དུ་རང་གི་བྱ་བ་གཙོ་བོ་གཉེར་བར་ཆོག་མཆན་སྟེར་བར་རེ་བས་ཁེངས་ཡོད་ཟེར། 

ཨེ་ཙེ་ཨོ་ཕི་ཡཱའི་ཕྱི་འབྲེལ་པུའུ་ཡིས་ཚེས་སུམ་ཅུ་ཉིན་དྲ་ཚིགས་བརྒྱུད་དེ་བསྟན་དོན། ཨེ་ཙེ་ཨོ་ཕི་ཡཱ་རུ་མི་ཆོས་རིང་ལུགས་ཀྱི་བྱ་བ་གཉེར་བཞིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་བདུན་གྱིས་ཨེ་ཙེ་ཨོ་ཕི་ཡཱའི་ནང་ཁུལ་ལས་དོན་ལ་ཐེ་གཏོགས་བྱས་པའི་དབང་གིས་དགའ་བསུ་མི་བྱེད་པའི་མི་སྣར་ཁྱབ་བསྒྲགས་བྱས་པ་དང་། ཁོ་ཚོ་ངེས་པར་དུ་དུས་ཚོད་དོན་གཉིས་ནང་ཨེ་ཙེ་ཨོ་ཕི་ཡཱའི་མངའ་ཁོངས་དང་འབྲལ་དགོས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།