ཨ་མེ་རི་ཁ་དང་ཨུ་རུ་སི་ཡིས་འཐབ་ཇུས་གཏན་འཇགས་གྲོས་མོལ་གྱི་གྲོས་ཚོགས་ཐེངས་གཉིས་པ་བསྡུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁ་དང་ཨུ་རུ་སིའི་འཐུས་མིས་ཟླ་དགུ་བའི་ཚེས་སུམ་ཅུ་ཉིན་སུའེ་ཙེར་གྱི་རི་ནེ་ཝ་ནས་ཕྱོགས་གཉིས་ཀྱི་འཐབ་ཇུས་གཏན་འཇགས་གྲོས་མོལ་གྱི་གྲོས་ཚོགས་ཐེངས་གཉིས་པ་བསྡུས་པ་དང་། རྒྱལ་ཁབ་གཉིས་ཀྱིས་སྡེ་ཁག་བརྒལ་བའི་ཆེད་མཁས་བྱ་བའི་ཚན་ཆུང་ཞིག་འཛུགས་པར་ཡིད་འཐད་བྱུང་། 

ཨ་མེ་རི་ཁ་ཕྱོགས་ཀྱིས་ཉིན་དེར་སྤེལ་བའི་མཉམ་འབྲེལ་གསལ་སྒྲོག་ལྟར་ན། ཨ་མེ་རི་ཁའི་རྒྱུན་ལས་རྒྱལ་སྲིད་ཨུ་ཡོན་གཞོན་པ་ཧྲི་མན་དང་ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གཞོན་པ་ལི་ཡཱ་པུའུ་ཁི་ཧྥུའུ་གཉིས་ཀྱིས་སོ་སོར་སྡེ་ཁག་བརྒལ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་གྲོས་ཚོགས་ལ་ཞུགས་པ་དང་། ཕྱོགས་གཉིས་ཀྱིས་ངོ་བོ་རང་བཞིན་ལྡན་པའི་གྲོས་བསྡུར་གཏིང་ཟབ་སྤེལ་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཨ་མེ་རི་ཁ་དང་ཨུ་རུ་སི་ཡིས་སྡེ་ཁག་བརྒལ་བའི་ཆེད་མཁས་བྱ་བའི་ཚན་ཆུང་གི་མ་འོངས་པའི་དམག་ཆས་ཚོད་འཛིན་རྩ་དོན་དང་དམིགས་འབེན་བྱ་བའི་ཚན་ཆུང་དང་། འཐབ་ཇུས་ཤུགས་རྐྱེན་ལྡན་པའི་ནུས་པ་དང་འགུལ་སྐྱོད་བྱ་བའི་ཚན་ཆུང་འཛུགས་པར་ཡིད་འཐད་བྱུང་། ཕྱོགས་གཉིས་ཀྱིས་ད་རུང་བྱ་བའི་ཚན་ཆུང་དེ་གཉིས་ཀྱིས་གྲོས་མོལ་བྱེད་རྒྱུ་ཡིན་པ་དང་། དེའི་རྗེས་སུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་སྤེལ་རྒྱུ་ཡིན་ཟེར། 

ལི་ཡཱ་པུའུ་ཁི་ཧྥུའུ་ཡིས་གྲོས་མོལ་མཇུག་སྒྲིལ་རྗེས་ཨུ་རུ་སིའི་གསར་འགྱུར་ལས་རིགས་ལ་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་ངོས་འཛིན་རིམ་པ་དང་ཉིང་རྡུལ་ནུས་པའི་མཚོན་ཆའི་སྲིད་ཇུས་ཀྱི་བྱེ་བྲག་གི་རིམ་པ། ཐ་ན་ཕ་རོལ་བའི་འདོད་བློ་འགྲེལ་བརྗོད་བྱེད་པ་བཅས་ཀྱི་ཐད་འགལ་བ་མང་བོ་གནས་ཡོད་ཀྱང་། ཕྱོགས་གཉིས་ལ་གྲོས་མོལ་འཕེལ་རིམ་དེར་སྐུལ་འདེད་གཏོང་བའི་རེ་འདོན་ཡོད་ཟེར། 

ལི་ཡཱ་པུའུ་ཁི་ཧྥུའུ་ཡིས་བཤད་རྒྱུར། ཨུ་རུ་སི་དང་ཨ་མེ་རི་ཁ་ཕྱོགས་གཉིས་ཀྱིས་བྱ་བའི་ཚན་ཆུང་གཉིས་བཙུགས་ཏེ། གཅིག་གིས་དམག་ཆས་ཚོད་འཛིན་གནད་དོན་ཐག་གཅོད་བྱེད་པ་དང་། གཅིག་གིས་ཉིང་རྡུལ་ནུས་པའི་མཚོན་ཆར་འབྲེལ་བའི་ལག་རྩལ་དོན་ཐག་གཅོད་བྱེད་པར་ཡིད་འཐད་བྱུང་ཡོད། དེ་ལས་གཞན་ཨུ་རུ་སིའི་ཕྱོགས་ཀྱིས་ཨ་མེ་རི་ཁ་དང་དབྱིན་ཇི། ཨོ་སི་ཁྲུ་ལི་ཡཱ་བཅས་ཀྱིས་ཉེ་སྔོན་ཕྱོགས་གསུམ་མཐའ་མཚམས་བདེ་འཇགས་གྲོགས་པོའི་འབྲེལ་བའི་རྐྱེན་སྲོལ་གསར་བ་འཛུགས་རྒྱུ་ཁྱབ་བསྒྲགས་བྱས་པར་སེམས་ཁུར་བྱེད་པའི་ཚུལ་བསྟན་པ་དང་། རྐྱེན་སྲོལ་དེས་ཉིང་རྡུལ་ནུས་པ་རྒྱ་ཡན་དུ་འགྲོ་བར་ངོ་རྒོལ་བྱེད་པའི་མ་ལག་དང་འགལ་སྲིད་པར་བསམ་ཡོད། ཨུ་རུ་སིའི་ཕྱོགས་ཀྱིས་ཨ་མེ་རི་ཁས་ཨེ་ཤ་ཡཱ་དབུས་མའི་རྒྱལ་ཁབ་ཏུ་རྣམ་པ་གང་རུང་གི་དམག་དོན་བཀོད་སྒྲིག་བྱེད་པར་དང་ལེན་བྱེད་མི་སྲིད་པ་དང་། ཨུ་རུ་སི་ཡིས་གནད་དོན་དེའི་ཐད་ཀྱི་ལངས་ཕྱོགས་ལ་འགྱུར་ལྡོག་ཅི་ཡང་བྱུང་མེད་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།